འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཐུས་མི་མངགས་ནས་སི་རི་ཡའི་རྒྱལ་ཡོངས་གླེང་མོལ་ཚོགས་
    ཆེན་ནང་ཞུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིའི་མགྲིན་ཚབ་པ་ཏི་ཡ་ལི་ཁེས་གསལ་བསྒྲགས་སྤེལ་ཏེ་ཀུ་ཐེ་ལེ་སིས་འཐུས་མི་མངགས་ནས་ཨུ་རུ་སུས་གཙོ་སྐྱོང་བྱས་པའི་སི་རི་ཡའི་རྒྱལ་ཡོངས་གླེང་མོལ་ཚོགས་ཆེན་ནང་ཞུགས་རྒྱུའི་ཐག་བཅད་པ་རེད་ཅེས་བཤད།
         ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་སྤེལ་བའི་ཏི་ཡ་ལི་ཁེའི་གསལ་བསྒྲགས་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཏེ་མི་སི་ཐུའུ་ལའི་སི་རི་ཡའི་གནད་དོན་དང་འབྲེལ་བ་ཡོད་པའི་ཝི་ཨེན་ནའི་ཞི་བའི་གྲོས་མོལ་སྐོར་གྱི་འབྲེལ་ཡོད་བརྡ་ཁྱབ་ཀུ་ཐེ་ལེ་སིས་གང་ལེགས་གསན་པ་དང་། ཨུ་རུ་སུས་གསལ་བསྒྲགས་སྤེལ་ནས་སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་གྱི་གྲུབ་འབྲས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་སི་རི་ཡའི་གནད་དོན་གྱི་རེ་ནེ་ཝའི་ཞི་བའི་གྲོས་མོལ་འཕེལ་རིམ་གྱི་ཆ་ཤས་སུ་བརྩི་རྒྱུ་ཡིན་ཞེས་པར་བསམ་གཞིག་བྱས་ནས་ཀུ་ཐེ་ལེ་སིས་ཨུ་རུ་སུའི་གདན་ཞུ་ཁས་ལེན་རྒྱུའི་ཐག་བཅད་པ་དང་ཆབས་ཅིག ཏེ་མི་སི་ཐུའུ་ལ་མངགས་ནས་ཟླ་འདིའི་ཚེས་29དང་30ཉིན་ཨུ་རུ་སུའི་སུའོ་ཆིར་འཚོག་རྒྱུའི་སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་ནང་ཞུགས་རྒྱུ་རེད་ཅེས་འཁོད་ཡོད།
        གསལ་བསྒྲགས་ནང་། ད་དུང་ཀུ་ཐེ་ལེ་སིས་ད་ཐེངས་ཀྱི་སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་རེ་ནེ་ཝའི་ཞི་བའི་གྲོས་མོལ་ལ་ལེགས་སྐྱེས་གལ་ཆེན་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་འཁོད་ཡོད།
         སི་རི་ཡའི་གནད་དོན་གྱི་རེ་ནེ་ཝའི་ཞི་བའི་གྲོས་མོལ་དང་སི་རི་ཡའི་རྒྱལ་ཁབ་ནང་ཁུལ་གྱི་ཞི་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། ཨུ་རུ་སུ་དང་། ཐུར་ཁེ། དབྱི་རན་བཅས་རྒྱལ་ཁབ་གསུམ་གྱིས་སུའོ་ཆིར་སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད། སི་རི་ཡའི་སྲིད་གཞུང་དང་དེ་བཞིན་སི་རི་ཡའི་ཁུར་ཏེ་བས་འཐུས་མི་མངགས་ནས་གྲོས་མོལ་ནང་ཞུགས་རྒྱུ་ཡིན་པ་དང་སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་ད་ཐེངས་ཀྱི་ཞི་བའི་གྲོས་མོལ་བཀག་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཚེས་26ཉིན། ཀུ་ཐེ་ལེ་སི་ཨེ་ཏི་སི་ཨ་པ་པར་འབྱོར་ནས་ཚེས་28དང་29ཉིན་འཚོག་རྒྱུའི་སྐབས་སུམ་ཅུ་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་ནང་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།