འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་བོད་རིགས་ས་ཁུལ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཁྱབ་པའི་ལས་ཞུགས་རྩལ་
    ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་སི་ཁྲོན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ངལ་ནུས་དབུལ་པོར་ལས་ཞུགས་རྩལ་ནུས་གསོ་སྦྱོང་ཕྱོགས་ཡོངས་སུ་ཁྱབ་པ་བྱེད་པའི་བྱ་སྤྱོད་སྤེལ་ནས་གཙོ་གནད་ཐོག་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་ཕྱིར་ལས་མི་བྱེད་པར་སྐྱོད་འདོད་ཀྱང་ལས་ཞུགས་རྩལ་ནུས་མེད་པའི་ངལ་ནུས་དབུལ་པོར་དམིགས་ཏེ་སྐད་ཡིག་གསོ་སྦྱོང་དང་། འཕྲོད་སྦྱོར་རང་བཞིན་གྱི་གསོ་སྦྱོང་། “གསོ་སྦྱོང་གཤམ་སྤེལ” གྲོང་ཁྱེར་དང་ཀྲོའུ་སྒྲོལ་བའི“དབུལ་སྐྱོར་ཆེད་དོན་འཛིན་གྲྭ”སོགས་སྟབས་བསྟུན་སྣ་མང་གི་གསོ་སྦྱོང་བྱེད་ཐབས་སྤྱད་པ་དང་འབྲེལ་རིགས་དབྱེ་ཁག་བགོས་ཀྱིས་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།
         སི་ཁྲོན་ཞིང་ཆེན་ལས་ཞུགས་ཅུས་ཀྱི་ཅུང་ཀྲང་གཞོན་པ་ཀའོ་ཅུན་གྱིས་ཚེས་18ཉིན་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་སི་ཁྲོན་གྱིས་མི་འབོར་དབུལ་པོའི་གཞི་ཁྱོན་དང་། དབུལ་པོའི་ཚད་གཞི། དབུལ་སྒྲོལ་གྱི་དཀའ་གནད་སོགས་ལ་གཞིགས་ནས་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་རྫོང་45དབུལ་སྒྲོལ་འགག་སྒྲོལ་བྱ་ཡུལ་དུ་བཞག་ཡོད། དེས་ན། སི་ཁྲོན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ལས་ཞུགས་དབུལ་སྐྱོར་ལས་དོན་ལག་བསྟར་ཤུགས་ཆེན་དང་འབྲེལ་གྲོང་ཚོ་དབུལ་པོ་ཚང་མར་ངལ་ནུས་དབུལ་པོའི་རྨང་གཞིའི་ཆ་འཕྲིན་དང་། ལས་ཞུགས་གསོ་སྦྱོང་། ངལ་ནུས་གཞན་སྒྱུར། རང་བརྟེན་ལས་གཏོད། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བཅས་བྱེད་ཐབས་ལྔ་སྤྱོད་རྒྱུ་མ་ཟད། འགུལ་རྣམ་གྱི་དོ་དམ་བྱ་ཐབས་ཀྱང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།
         མིག་སྔར་སི་ཁྲོན་གྱིས་ཆའང་རིགས་ཀྱི་འཚེམ་དྲུབ་དང་། དབྱིས་རིགས་ཀྱི་འཚེམ་དྲུབ། ཐང་ག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན། མང་ཚོགས་དབུལ་པོ་ཕྱིར་སྐྱོད་མི་དགོས་པར་ས་གནས་དེ་རང་དུ་ལས་ཞུགས་ཐུབ་པ་བྱུང་ཞིང་། སི་ཁྲོན་གྱིས་ད་དུང་ས་གནས་དེ་གའི་ཁེ་ལས་དང་། གླིང་ཁུལ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་བཅས་ཀྱིས་ལས་མི་བསྡུ་བར་སྐུལ་ལྕག་དང་སྣེ་ཁྲིད་བྱས་པ་དང་འབྲེལ་ངལ་རྩོལ་འདུས་ཆེའི་ཁེ་ལས་ཀྱིས་གྲོང་ཚོ་དབུལ་པོར་ལས་ཞུགས་དབུལ་སྐྱོར་འཁོར་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ངལ་ནུས་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། གཞན་ཡང་སི་ཁྲོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་ཚང་མར་སྤྱི་ཕན་རང་བཞིན་གྱི་ལས་གནས་5ཡན་གསར་སྤེལ་བྱས་ནས་ངལ་ནུས་དབུལ་པོར་ལས་ཀ་སྤྲད་ཡོད།
         གོམ་སྟབས་རྗེས་མར་སི་ཁྲོན་གྱིས་2018ལོར་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྫོང་12ཀྱི་དབུལ་ཞྭ་འཕུད་རྒྱུ་དང་། གྲོང་ཚོ་དབུལ་པོ་124དང་མི་འབོར་ཁྲི་27.3དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་མ་ཟད། ངལ་ནུས་དབུལ་པོར་གནད་སྨིན་དབྱེ་འབྱེད་དང་། ལས་ཞུགས་གསོ་སྦྱོང་། ངལ་ནུས་གཞན་སྒྱུར། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་སོགས་ལས་ཞུགས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་པའི་བྱ་སྤྱོད་དེ་འདི་ལོའི་ཟླ་1ནས་ཟླ་6པར་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡི་ཀྲའོ་ཅུའེ་དང་པུའུ་ཧྲི་རྫོང་གཉིས་ལ་ཚོད་ལྟ་བྱ་རྒྱུ་མ་ཟད། འདི་ལོའི་ཟླ་7པར་སི་ཁྲོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་རེད། ད་ཐེངས་ཀྱི་བྱ་སྤྱོད་དེ་བརྒྱུད་སི་ཁྲོན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ངལ་ནུས་དབུལ་པོ་ཚང་མར་གསོ་སྦྱོང་བྱས་ནས“མི་གཅིག་གསོ་སྦྱོང་བྱེད་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པ་བཅས”བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།