འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རྨ་སྟོད་རྫོང་དུ་རྡོ་སོལ་སྤྱོད་པའི་ལོ་རྒྱུས་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན། ཡུག་ཁུལ་གསུམ་པའི་གསར་དུ་བསྒར་བའི་ནུས་གསོག་ཁྲོ་ཐབ་2སྤྱོད་འགོ་ཚུགས་པ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་གི་རྫོང་ཚང་མར་དེ་སྔའི་རྡོ་སོལ་ཁྲོ་ཐབ་ནས་ཚང་མ་གློག་གི་ཁྲོ་ཐབ་ཏུ་གྱུར་ཏེ་རྫོང་གྲོང་ལ་དྭངས་གཙང་གི་དྲོད་རླངས་མཁོ་འདོན་བྱ་རྒྱུ་རྦད་དེ་མངོན་འགྱུར་ཐུབ་ཡོད།
         “རྨ་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་འབོད་པའི་རྨ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན། དེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་པས། རྨ་ཆུའི་དབུས་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་དང་དེ་བཞིན་སྣོད་བཅུད་སྲུང་ཡོལ་ཡང་ཡིན། དེར་ཆ་སྙོམས་ས་བབ་སྨི་4500ཡན་ཡོད།
         རྨ་སྟོད་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཀྲང་ཆང་གིས་རྨ་སྟོད་ལ་ལོ་གཅིག་རིང་ཟླ་བ་11དྲོད་རླངས་མཁོ་འདོན་བྱེད་དགོས་པས། དེ་སྔ་གྲོང་ཁུལ་གྱིས་རྡོ་སོལ་བཏང་ནས་དྲོད་ཁུག་ཐབས་བྱེད་པ་དང་འབྲོག་ཁུལ་དུ་གཙོ་བོ་ལྕི་བ་འབུད་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། ས་བབ་མཐོ་བའི་དབང་གིས་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ཉུང་བས་རྡོ་སོལ་རྦད་དེ་བསྲེགས་ཐུབ་ཀྱི་མེད། དེས་ན། ཐལ་རྡུལ་མང་པོ་འདོན་གྱི་ཡོད་སྟབས་སྣོད་བཅུད་ལ་སྦགས་བཙོག་ཚབས་ཆེན་བཟོ་གི་ཡོད་ཅེས་ངོ་སྤྲོད་བྱས།
         2017ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གློག་དྲ་ཀུང་སིས་མཉམ་དུ་རྨ་སྟོད་རྫོང་རང་རྒྱལ་གྱི་མཐོ་གྲང་ས་ཁུལ་གྱི་དྭངས་གཙང་གི་དྲོད་རླངས་མཁོ་འདོན་དཔེ་སྟོན་རྫོང་ཐོག་མར་གཏོད་པའི་འཆར་གཞིར་་བཅུག་ཡོད། དེས་ན། རྨ་སྟོད་རྫོང་གྲོང་ཁྱོན་དྲོད་རླངས་མཁོ་འདོན་ཁུལ་4རུ་དབྱེ་བ་དང་སྦྲགས་ཚ་ནུས་འབྱུང་ས་བཀོད་སྒྲིག་ལུགས་མཐུན་ཡང་བྱས་ཏེ་ཡུག་ཁུལ་ཁག་གི་དྲོད་རླངས་མཁོ་འདོན་གྱི་བར་ཐག་སྨི་1000ནང་ཚུན་དུ་ཚོད་འཛིན་བྱས་ནས་མདོང་དྲའི་དྲོད་རླངས་མཁོ་འདོན་བྱེད་པའི་ཕན་འབྲས་འགན་ལེན་བྱས་ཡོད་པ་རེད།
         ད་ཆ་དེ་སྔ་རྫོང་གྲོང་དུ་ཡོད་པའི་རྡོ་སོལ་ཁྲོ་ཐབ་13ཚང་མ་བཤིག་ནས་ཆན་ཕུའུ་10ཟིན་པའི་ཐད་ཀར་ཚ་ནུས་གཏོང་ཐུབ་པའི་གློག་གི་ཁྲོ་ཐབ་4དང་ཐཱན་རྒྱུ་མང་བའི་གློག་གི་ཁྲོ་ཐབ་29གསར་དུ་བསྒར་བ་དེ་དག་གི་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་27.4ཟིན་ཞིང་། ཚོད་རྩིས་བརྒྱབ་པ་ལྟར་ན། སླད་ཕྱིན་དེ་དག་གིས་རྫོང་གྲོང་དུ་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.78ཀྱི་ཚབ་བྱེད་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།