འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་གངས་འཁྱགས་དུས་ཆེན་སྐབས་དང་པོ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་ཟི་ལིང་གྲོང་ཁྱེར་གྱི“དཔྱིད་གསར་བསུ་བའི”གངས་འཁྱགས་ཀྱི་དགའ་ནེའུ་དུས་ཆེན་སྐབས་དང་པོ་དེ་མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧུའེ་རིགས་དང་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་རྡལ་ཡའོ་ཙེ་ཀོའུ་ཁང་ལེ་གངས་ཤུད་ར་བར་སྤེལ་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་དེར་གངས་ཐོག་འགྲན་བསྡུར་དང་འཁྱགས་ཐོག་འགྲན་བསྡུར་བྱེད་པ་གཉིས་ལ་ཕྱེ་ཡོད་པ་དེའི་ནང་མྱུར་བབས་དང་། མཆོང་ལྡིང་། མྱུར་ཤུད། གར་རྩེད་འཁྱགས་ཤུད་སོགས་ཚུད་ཡོད་པས་བྱེད་སྒོ་དེས་ས་མཐོའི་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་200ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།
         དེ་ཉིན་དྲོད་ཚད་དམའ་ཤོས་ཀླད་སྐོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ལྷག་ཙམ་ལ་སླེབས་པ་དང་ཏ་ཐུང་ཁང་ལེ་གངས་ཤུད་ར་བ་ཁ་བས་ཀླུབས་ནས་དངུལ་མདོག་གི་འཇིག་རྟེན་ལྟ་བུར་གྱུར་ཡོད། ལིའུ་ཧུང་ནི་ཤུར་པང་གངས་ཤུད་གློད་མཁན་བདམས་ཐོན་པ་ཞིག་ཡིན་པ་དང་ཉིན་དེར་ཁོང་དང་རུ་ཁག་གཅིག་པའི་རུ་མི་གཞན་གྱིས་ཟི་ལིང་གངས་འཁྱགས་ལུས་རྩལ་མཐུན་ཚོགས་ཀྱི་ཚབ་བྱས་ནས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད། “ངས་གངས་ཤུད་ལུས་རྩལ་རྩེད་ནས་ལོ་གསུམ་འགྲོ་ཡི་འདུག གངས་ཤུད་འགྲན་བསྡུར་ནང་ཐེངས་མང་ཞུགས་མྱོང་ཡང་ཏ་ཐུང་རྫོང་གངས་ཤུད་ར་བར་ཡོང་ཐེངས་དང་པོ་ཡིན། གངས་འཁྱགས་ལུས་རྩལ་གྱིས་གཟུགས་པོར་སྦྱོང་བརྡར་ཐེབས་པ་མ་ཟད། སེམས་ལ་སྤྲོ་སྣང་སྦྱིན་གྱི་འདུག”ཅེས་ལིའུ་ཧུང་གིས་བཤད།
         ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ཅུས་ཀྲང་ཧན་པིན་གྱིས“ང་ཚོས་གངས་འཁྱགས་ཀྱི་དགའ་ནེའུ་དུས་ཆེན་འདི་འདྲ་སྤེལ་བའི་དམིགས་ཡུལ་ནི་མང་ཚོགས་ཀྱིས་ལྟ་འདོད་པའི་གངས་འཁྱགས་བྱེད་སྒོ་སྣ་ཚོགས་བརྒྱུད་མང་ཚོགས་ཚོས་གངས་འཁྱགས་ལུས་རྩལ་ལ་མྱོང་རོལ་ཐུབ་པ་དང་ཆབས་ཅིག་སེམས་སྐྱིད་ལུས་བདེ་ཡོང་ཆེད་ཡིན”ཞེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ཏ་ཐུང་དུ་གངས་འཁྱགས་དགའ་ནེའུ་བྱེད་སྒོ་སྤེལ་བ་ཕུད་མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ཡོང་བའི་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ལོ་ཆུང་བྱིས་པ་བརྒྱ་ལྷག་ཙམ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་གྲོ་ཚང་རྒྱལ་སྤྱིའི་འཁྱགས་ཤུད་ར་བར་འཛོམས་ནས་2018ལོའི“འཛམ་གླིང་གངས་ཀྱི་ཉིན་མོ་དང་རྒྱལ་སྤྱིའི་བྱིས་པའི་འཁྱགས་ཤུད་དུས་ཆེན”འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།