འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཧོར་ཝན་གྲོང་ཚོའི་ཐོན་ལས་དབུལ་སྒྲོལ་ལམ་བུའི་སྐོར་བཀོད་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏེང་ཝན་ལིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སོག་རིགས་ཀྱི་བུ་མོ་ཚེ་རིང་སྒྲོལ་མས“དེ་སྔོན་འབྲོག་ཁུལ་དུ་ལུག་འཚོས་ཚེ་ལོ་གཅིག་གི་ཡོང་འབབ་དེ་ཙམ་མང་པོ་མེད། ད་ལྟ་གྲོང་ཚོའི་གྱོན་ཆས་ལས་སྣོན་བཟོ་གྲྭར་ལས་ཀ་བྱེད་རིང་ཟླ་རེར་སྒོར་2000ལྷག་ཙམ་ཡོད་པ་མ་ཟད། ཆར་རླུང་དྲག་པོའི་ཁྲོད་འགྲོ་དགོས་མེད”ཅེས་བརྗོད།
         སྒྲོལ་མའི་ཁྱིམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྗོང་གཡུ་སྒང་ཉིན་གྲོང་རྡལ་ཧོར་ཝན་གྲོང་ཚོར་ཡོད་ཅིང་། ས་ཆ་དེ་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་ཆ་སྙོམས་སྨི་3600ཡན་ཟིན་ཡོད། སྔོན་ཆད་ཐོན་ལས་གྲུབ་ཆ་ཕྱོགས་རྐྱང་པ་ཡིན་པའི་ཁར། ཉེ་བའི་ལོའི་ནང་འབྲོག་ལས་འཕེལ་རྒྱས་ལ་ཚོད་འཛིན་ནན་པོ་ཕོག་པས། འབྲོག་པའི་འཚོ་བར་དཀའ་ངལ་དུ་མ་འཕྲད་ཡོད།
         དཀའ་སྡུག་ཆེ་བའི་འཚོ་བའི་སྐོར་གླེང་སྐབས་སྒྲོལ་མའི་སེམས་ནང་གསལ་ལྷང་ངེར་དྲན་ཞིང་། ཁོ་མོས“རྩྭ་ཐང་གི་ས་རྒྱ་ཡངས་ལ་མི་འབོར་ཉུང་བ་དང་། གྲོང་རྡལ་དང་བར་ཐག་སྤྱི་ལེ་40ལྷག་ཙམ་ཡོད་པའི་ས་ཆར་ལམ་དང་གློག་གཉིས་ཀ་ཤར་གཏོང་ཐུབ་མེད། གྲོང་རྡལ་དུ་འགྲོ་དགོས་ཚེ་རྐང་ཐང་མར་ཆུ་ཚོད་2ལྷག་ཙམ་སྐྱོད་དགོས་པས། ནད་གཞི་ཕོག་སྐབས་རྟག་ཏུ་སྨན་རྩྭ་ཟས་ནས་བཅོས་ཐབས་བྱེད་ཀྱི་ཡོད”ཅེས་བརྗོད།
         2015ལོའི་གྲངས་གཞི་ལས་མངོན་དོན། ཧོར་ཝན་གྲོང་ཚོར་དུད་ཚང་256དང་མི་འབོར་1162ཡོད་པའི་ནང་དུད་ཚང་དབུལ་པོ་61དང་མི་གྲངས་221ཡོད་ཅིང་། དབུལ་པོ་ཐོན་ཚད་19%ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2515ལས་མེད།
         ཉེ་བའི་ལོའི་ནང་། མཚོ་སྔོན་དུ་དབུལ་སྐྱོར་འཆར་འགོད་དང་། རྣམ་གྲངས། ལས་བྱེད་པ་གྲོང་ཚོ་དང་། དུད་ཚང་། གྲོང་མི་བཅས་ཀྱི་སར་སྐྱོད་པའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་ཆབས་ཅིག “གྲོང་ཚོ་རེར་སྲིད་ཇུས་རེ་དང་དུད་ཚང་རེར་བྱ་ཐབས་རེའི”ཐོན་ལས་འཕེལ་རྒྱས་མ་ལག་ཁྱོན་ཡོངས་ནས་ལག་ལེན་བསྟར་ཡོད། རྫོང་དེས་ཞིབ་ཅིང་ཕྲ་བའི་ཐོན་ལས་འཕེལ་རྒྱས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་འཆར་གཞི་བཀོད་དེ་གྲོང་ཚོ་དབུལ་པོ་16ལ་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་22ཞིབ་དཔྱད་གཏན་འཁེལ་བྱས་པ་མ་ཟད། གྲོང་ཚོ་རེར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་280བཀོད་སྒྲིག་བྱས་པ་དེ་དག་གྲོང་ཚོ་དབུལ་པོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་དང་དེ་བཞིན་མི་འབོར་དབུལ་པོའི་ཐོན་འཕར་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་བཏང་བ་རེད།
        ཐོན་ལས་རོགས་སྐྱོར་མ་དངུལ་ལ་བརྟེན་ནས་ཧོར་ཝན་གྲོང་ཚོས་མི་དང་དུད་ཚང་གི་གནས་ཚུལ་ལ་གཞིགས་ཏེ་ཇུས་གཞི་བཏིང་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་བས་དུད་ཚང་དབུལ་པོ་16ཐག་རིང་འབྲོག་ཁུལ་ནས་གཅིག་སྡུད་གྲོང་རྡལ་དུ་སྤོས་པ་མ་ཟད། ཁྱད་ལྡན་ཐོན་ལས་གཏན་འཁེལ་གྱིས་མི་132དབུལ་པོ་ལས་བསྒྲལ་བ་དང་། ངལ་ནུས་ཕྱིར་གཏོང་གིས་མི་23དབུལ་སྒྲོལ་ཐུབ་པ། སྣོད་བཅུད་སྲུང་སྐྱོང་གིས་མི་11དབུལ་པོ་ལས་བསྒྲལ་བ། སྤྱི་ཚོགས་འགན་ལེན་མཐའ་སྐྱོང་གིས་མི་62དབུལ་པོ་ལས་བསྒྲལ་བ་བཅས་རེད།
         སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་འཛུགས་རྒྱུ་རྨང་གཞིར་བྱས་ཏེ་ཧོར་ཝན་གྲོང་ཚོའི་དུད་ཚང་རེའི་མ་མོ་2མ་རྐང་ནང་ཞུགས་པ་དེ་རྐང་དངུལ་ལ་ཕབ་ན་སྒོར་2000ཟིན་པ་དང་། ཁྱོན་བསྡོམས་མ་རྐང་ནང་ཞུགས་པའི་མ་དངུལ་སྒོར་ཁྲི་47.6ཟིན་པ། རྩྭ་ར་སྤྱི་ཆིང་ཁྲི་0.1བརྒྱུད་བཤུག་བྱས་པ་མ་ཟད། ཞིང་འབྲོག་སྡེ་ཚན་གྱི་འབྲེལ་ཡོད་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་དངོས་ལའི་ལུག་གི་རྒྱུད་སྤེལ་རྟེན་གཞི་ཞིག་བཙུགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་4རྟེན་གཞིར་ལུག་འཚོ་བའི་འགན་ཁུར་དུ་བཅུག་ཡོད།
         ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱ་ཆེད་རིམ་པ་ཁག་དང་རིགས་ཁག་གི་དབུལ་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་ཧོར་ཝན་གྲོང་ཚོར་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་། འཁྱགས་མཛོད་ཁང་ཆུང་གྲས། རླངས་འཁོར་ཉམས་གསོ་ལྟེ་གནས། མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭ་སོགས་གྲོང་ཚོའི་མཉམ་སྡེབ་རྣམ་གྲངས་ཁག་གཅིག་བཙུགས་ཡོད་པ་རེད།
         ནག་རི་རྫོང་མི་རིགས་གྱོན་ཆས་བཟོ་གྲྭ་ནི་གྲོང་ཚོའི་ནང་གི་ཕན་འབྲས་ཅུང་ཡག་པའི་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་ཞིང་། ཁྲང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་བཟོ་གྲྭའི་ནང་གི་བཟོ་པ་20ལྷག་ཙམ་ཚང་མ་ནི་གྲོང་ཚོའི་དུད་ཚང་དབུལ་པོ་ཤ་སྟག་ཡིན། དུས་གོང་གི་གསོ་སྦྱོང་བརྒྱུད་ཚང་མ་ལས་གནས་ཐོག་ཡོད་པ་དང་། མི་རེར་ཟླ་རེར་སྒོར་2000ཡས་མས་ཀྱི་གླ་ཆ་ཡོད། དེ་དང་དུས་མཚུངས་ལོ་མཇུག་ཏུ་ད་དུང་སྒོར་ཁྲི་1ཙམ་གྱི་བགོ་འགྲེམས་རྒྱག་གི་ཡོད་ཅེས་བརྗོད།
        སྒྲོལ་མས“ངས་ཉིན་གཅིག་ལ་མགྱོགས་ན་ཆིབས་སྒ་ཆ་ཚང་གཅིག་བཟོས་ཚར་གྱི་ཡོད། ཆིབས་སྒ་དང་རྒྱན་གོས་ཚང་མ་ཚོང་ཐུབ་ཀྱི་འདུག”ཅེས་བརྗོད།
        2016ལོར་ཧོར་ཝན་གྲོང་ཚོའི་ཁེ་སྤོགས་བགོ་བའི་མ་དངུལ་སྒོར་ཁྲི་48ཟིན་པ་དང་དེའི་ཐོག་ངལ་ནུས་ཡོང་འབབ་དང་རིགས་ཁག་གི་སྣོད་བཅུད་ཁ་གསབ་བསྣན་ཚེ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་6000ལྷག་ཙམ་བར་མཐོ་རུ་ཕྱིན་ནས་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་རེད། འདི་ལོའི་ལོ་མཇུག་ཏུ་གྲོང་ཚོ་དེ་ཡོངས་ཀྱིས་སྔོན་དཔག་བྱས་ན་སྒོར་ཁྲི་བརྒྱ་ཡན་བགོ་རྒྱུ་ཡིན་པ་རེད།
         གྲོང་མི་སྟོབས་རྒྱལ་ཁྱིམ་གྱིས་དེ་སྔ་འབྲོག་ཁུལ་དུ་ལུག་བཅུ་གྲངས་ཁ་ཤས་ལ་བརྟེན་དགོས་པས་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་སྟོང་ཕྲག་ཁ་ཤས་ལས་མེད། ད་ཆ་ཁོང་གི་ཁྱིམ་ལ་བགོ་འགྲེམས་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་རང་ཉིད་ཀྱིས་མཉམ་ལས་ཁང་ལ་ལུག་འཚོ་རོགས་བྱས་པས་ཟླ་རེར་གླ་ཆ་སྒོར་1500 དང་། བུ་རྩྭ་ཐང་སྲུང་སྐྱོང་པར་བདམས་པས་ཟླ་རེར་ལས་གནས་གླ་ཆ་སྒོར་1800ལེན་རྒྱུ་ཡོད་སྟབས་ནང་མི་ཚང་མའི་འཚོ་བར་མདུན་ལམ་ཆེན་པོ་ལྡན་ཡོད་པ་རེད།
         “ང་ཚོ་དབུལ་པོ་ལས་སྒྲོལ་ནའང་ད་དུང་ཕྱུག་པོ་ཆགས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན། སླད་ཕྱིན་ང་ཚོས་སྣོད་བཅུད་འབྲོག་ལས་ལ་གཞི་ཚུགས་ནས་ལུག་ཤ་དང་ཚགས་ཤ་སོས་པར་ཐུམ་སྒྲིལ་རྒྱག་པ་དང་། མར་དང་ཞོའི་ཐོན་རྫས་བཟོས་ཏེ་འབྲེལ་ཡོད་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཧོར་ཝན་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཀྲང་ལི་ཁྲེང་གིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།