འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ངང་པ་ལ་རྩྭ་ཐང་ཐོག་གི་མཆོད་རྟེན་དཀར་པོས"སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་
    ཡིན་པའི"དཔང་པོ་བྱེད། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ངང་པ་ལ་རྩྭ་ཐང་ཐོག་གི་ཡུལ་ཤུལ་སྡེ་ཁུལ་དུ་ས་གནས་དེ་གའི་གྲོང་མི་ཚོས“སྣོད་བཅུད་མཆོད་རྟེན”ཞེས་བརྗོད་པའི་མཆོད་རྟེན་དཀར་པོ་ཞིག་ཡོད། མཆོད་རྟེན་དཀར་པོ་དེ་ནི་འབྲོག་པ་ཚོས་བཀའ་དྲིན་ཚོར་བའི་ཆེད་དུ་བཞེངས་པ་ཞིག་ཡིན་པ་དང་དེའི་དོན་སྙིང་ནི་ས་གནས་དེ་གས་ཨ་བྲ་རྩ་མེད་བཏང་ནས་རྩྭ་བཏབ་པ་དང་ས་ནག་གྲམ་ཐང་བཅོས་སྒྲིག་ཐད་ཐོབ་པའི་གྲུབ་འབྲས་ཡིན་ལ་རྗེས་རབས་པ་ཚོར་རང་ཉིད་ཀྱི་རྩྭ་ཁར་གཅེས་སྤྲས་ཀྱིས་སྣོད་བཅུད་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་བློ་ལ་བརྟན་པོར་ངེས་དགོས་པའི་བསླབ་བྱ་ཞིག་ཀྱང་ཡིན།
         ཡུལ་ཤུལ་སྡེ་ཁུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་ཞེ་འོག་གྲོང་རྡལ་ཕྱུགས་ལས་གྲོང་ཚོར་གནས་པ་དང་ས་བབ་མཐོ་ཚད་སྨི་3600དང་། རང་བྱུང་རྩྭ་ཁ་མུའུ་ཁྲི་10ལྷག་ཙམ། སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་8ཡོད་པའི་ཁྲོད་ཉམས་ཞན་དུ་སོང་བའི་རྩྭ་ཁས་30%བཟུང་ཡོད་པ་རེད། མཚོ་སྔོན་ས་མཐོའི་སྡེ་ཁུལ་གྱི་འབྲོག་ལས་རྣམ་གྲངས་ལག་བསྟར་མ་བྱས་གོང་གི་ལོ་འགའི་རིང་ཡུལ་ཤུལ་སྡེ་ཁུལ་གྱི་རྩྭ་ར་ཉམས་ཞན་དུ་ཤུགས་ཆེན་སོང་སྟེ་རྩྭ་ཐང་གི་འབུ་དང་ཨ་བྲའི་གནོད་འཚེ་མངོན་གསལ་དོད་པོ་བྱུང་བ་དང་། དགུན་དཔྱིད་དུས་སུ་ཕྱུགས་རིགས་ཤི་ཚད་མཐོ་བ། རྩྭ་ཕྱུགས་ཀྱི་འགལ་བ་མངོན་གསལ་དོད་པ་བཅས་ཡོད། ས་གནས་དེ་གའི་འབྲོག་པ་ཁག་གཅིག་གིས་དབུལ་བའི་རྐྱེན་གྱིས་རྩྭ་ར་ཁག་གཅིག་ཕྱིར་ཚོང་བྱས་ཏེ་འཛུགས་སྐྲུན་གྱི་བྱེ་རྡོ་ལེན་སར་བྱས་ཏེ་མིག་སྔའི་ཁེ་ཕན་ཐོབ་ཐབས་བྱས་པས་སྣོད་བཅུད་ཁོར་ཡུག་དེ་བས་ཉམས་ཞན་དུ་སོང་ཡོད།
         ངང་པ་ལ་རྩྭ་ཐང་ཉམས་ཞན་དུ་ཤུགས་ཆེན་ཕྱིན་པའི་སྐབས་སུ་ས་གནས་དེ་གའི་སྲིད་གཞུང་གིས་མཚོ་བོད་ས་མཐོའི་སྡེ་ཁུལ་གྱི་འབྲོག་ལས་རྣམ་གྲངས་ཚོགས་ཆུང་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས་དེའི་ནང་ཞུགས་པས་ཡུལ་ཤུལ་གྱི་སྡེ་ཁུལ་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
        ས་གནས་དེ་གའི་འབྲོག་ལས་འཕེལ་རྒྱས་ཀྱི་ད་ལྟའི་རྣམ་པར་བརྟག་དཔྱད་བྱས་རྗེས་རྣམ་གྲངས་ཚོགས་ཆུང་གིས“ཨ་བྲ་རྩ་མེད་བཏང་ནས་རྩྭ་བཏབ་པ་དང་། རྒྱུད་བཟང་ཁྱུ་གཡག་ནང་འདྲེན་བྱས་ཏེ་ཕྱུགས་རྒྱུད་ཉམས་ཞན་དུ་སོང་བ་རྒྱུད་པ་ལེགས་བཅོས་བྱས་པ། ཤེས་ཡོན་ལྡན་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་མཁས་པ་བཅས་ཀྱི་ཞིང་འབྲོག་པ་གསར་པ་ཁག་གཅིག་གསོ་སྐྱོང་བྱས་ནས་འབྲོག་ལས་གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ”བཅས་ཀྱི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་པ་རེད།
         རྣམ་གྲངས་ཚོགས་ཆུང་གིས་འབྲོག་པར་སྡེ་ཁུལ་གྱི་དེ་སྔའི་རང་བྱུང་ཕྱུགས་འཚོ་བའི་ལུགས་སྲོལ་ལ་འགྱུར་ལྡོག་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་དབྱར་དུས་དང་དགུན་ཁ་དུས་ཀྱི་རྩྭ་ཐང་དབྱེ་ནས་ཕྱུགས་འཚོ་རེས་བྱེད་པ་སྟེ་དབྱར་དུས་ཀྱི་རྩྭ་ཐང་ལ་ཟླ་7ནས་10བར་ཕྱུགས་རིགས་འཚོ་བ་དང་དགུན་དུས་ཀྱི་རྩྭ་ཐང་ལ་ཟླ་11ནས་ཕྱི་ལོའི་ཟླ་6བར་ཕྱུགས་རིགས་འཚོ་བ་དང་སྦྲགས། ཕྱུགས་རིགས་འཚོ་བའི་གྲངས་ཚད་རྩྭ་ཐང་དང་དོ་སྙོམས་ཡོང་བ་བྱས་ཡོད། བྱེ་སའི་ཁུལ་དུ་རྣམ་གྲངས་ཚོགས་ཆུང་གིས་ཨ་བྲ་རྩ་མེད་བཏང་ནས་རྩྭ་བཏབ་པ་དང་། སྐྱེ་ལྡན་ལུད་བརྒྱབ་པ། ལྕགས་དྲ་བསྐོར་བ་སོགས་བྱས་པ་རེད། བཅོས་སྒྲིག་གི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་སོང་ནས་རང་བྱུང་རྩྭ་ཁར་རྩྭ་སྔོན་པོ་སྐྱེ་ཚད་དེ་སྔའི་མུའུ་རེ་ནས་རྒྱ་མ་180ནས་ད་ལྟའི་མུའུ་རེ་ནས་རྒྱ་མ་252བར་མང་དུ་སོང་སྟེ་40%འཕར་ཡོད་པ་རེད། རྩྭ་ཉར་རྟེན་གཞི་མུའུ་2000ལྷག་ཙམ་བསྐྲུན་ནས་སྡེ་ཁུལ་གྱི་སྒོ་ཕྱུགས་ཀྱི་དགུན་དཔྱིད་ཀྱི་གཟན་རྩྭའི་དགོས་མཁོ་བསྐངས་ཡོད། རྩྭ་ཐང་རིམ་བཞིན་སླར་གསོ་དང་གཟན་རྩྭ་གྲབས་གསོག་བྱས་པ་དང་བསྟུན་ནས་སྡེ་ཁུལ་ཧྲིལ་པོའི་ཕྱུགས་རིགས་དགུན་དཔྱིད་དུས་སུ་གཟན་རྩྭ་མ་འདང་བའི་དབང་གིས་ཤི་ཚད་ཤུགས་ཆེན་ཆག་ཡོད། ཁྲི་འདུ་རྫོང་ཞིང་འབྲོག་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཚེ་བུས་དགའ་ཚོར་ཆེན་པོའི་ངང“ལོ་གཉིས་ནང་ཨ་བྲ་རྩ་མེད་བཏང་ནས་རྩྭ་བཏབ་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྣོད་བཅུད་སླར་གསོ་ཡོང་བ་བྱས་པས་འདི་གའི་རྩྭ་ཐང་སླར་གསོ་ཡག་པོ་བྱུང་ནས་ཨ་བྲའི་གནོད་འཚེ་འགོག་བཅོས་ཐུབ་ཡོད”ཅེས་བཤད།
         རྩྭ་ཐང་ཉམས་ཞན་དུ་སོང་བ་ཚོད་འཛིན་མངོན་གསལ་དོད་པོ་བྱུང་བ་དང་རྩྭ་ཐང་གི་སྣོད་བཅུད་རིམ་བཞིན་སླར་གསོ་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འབྲོག་ལས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཡུལ་ཤུལ་ཁྲི་འདུ་སྡེ་ཁུལ་གྱི་འབྲོག་པ་འཇིགས་མེད་བཀྲ་ཤིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང“ང་ཚོར་དངོས་གནས་དྲང་གནས་ཀྱི་རོགས་རམ་ཐོབ་པས་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་གྱི་འདུག རྣམ་གྲངས་ཡག་པོ་འདི་ལྟ་བུ་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད”ཅེས་བཤད།
        ལོ་5ལྷག་ཙམ་རིང་། རྣམ་གྲངས་ཚོགས་ཆུང་དང་ས་གནས་དེ་གའི་སྲིད་གཞུང་དང་དེ་བཞིན་འབྲོག་པ་ཚོའི་ཐུན་མོང་འབད་བརྩོན་འོག ཡུལ་ཤུལ་སྡེ་ཁུལ་གྱིས་སྔ་རྗེས་སུ་གཟན་རྩྭ་མཁོ་སྤྲོད་རྣམ་པ་རིམ་པ་བཞི་བཟོས་པ་དང་། གནས་གཏན་འཁེལ་གྱི་ཆེད་སྤྱོད་རྩྭ་ཐང་བསྐྲུན་པ། ས་ནག་གྲམ་ཐང་མུའུ་5000བཅོས་སྒྲིག་བྱས་པ། གླང་དང་མཛོ་ནང་འདྲེན་བྱས་ཏེ་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སུ་བཏང་བ་དང“ངང་པ་ལ”འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་བདེ་བདེ་བཀྲ་ཤིས་དང་། ཨོ་རྒྱན་གྲགས་པ་སོགས་སྡེ་ཁུལ་གྱི་རྐང་འཛིན་པ་ཁག་གཅིག་གིས་བློ་བརྟན་འགྱུར་མེད་ངང་སྡེ་ཁུལ་གྱི་ལས་དོན་ལ་སྐུལ་མ་བཏང་བ་དང་འབྲོག་པ་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱས་པ་རེད། སྡེ་ཁུལ་གྱིས་གཟན་རྩྭ་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས་གཟན་རྩྭ་གྲབས་གསོག་དང་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་སྟེ་ངང་པ་ལ་འབྲིའི་དཀར་ཆུའི་ཐོན་རྫས་ཀྱི་སྤུས་རྟགས་བཏོད་པ་དང་མཚོ་སྔོན་ཡུལ་ཤུལ་གྱི་ཞེ་འོག་སྡེ་ཁུལ་དུ“རྩྭ་ཕྱུགས་ལེགས་སུ་གྱུར་པའི་ཕན་ཚུན་རོགས་རེས་ཀྱི་མཉམ་ལས་རྣམ་པའི”ཐོན་ལས་རྣམ་པ་ཆགས་པ་བྱས་པ་དང་སྡེ་ཁུལ་གྱི་ཁྱད་ལྡན་སྣོད་བཅུད་འབྲོག་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་སྟེ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པ”དངོས་འབྲེལ་མངོན་འགྱུར་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།