འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཉིན་25རྒྱུན་མཐུད་དེ་རྨས་སྐྱོན་ཕོག་པའི་གསའ་ཞིག་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན། མཚོ་སྔོན་ཞིང་ཆེན་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་ཀྱིས་ཉིན་25ཡི་གོང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་ནས་རྨས་སྐྱོན་ཕོག་པའི་གསའ་ཞིག་རྙེད་པར་སྡེ་ཚན་མང་པོས་རྒྱུན་མཐུད་དེ་སྐྱོབ་བཅོས་བྱས་པ་བརྒྱུད་མིག་སྔར་རང་ཚུགས་སུ་ལངས་ཐུབ་པ་མ་ཟད་སྐྱོར་མཁན་མི་དགོས་པར་འགྲོ་ཐུབ་ཀྱི་འདུག་ཅེས་གསར་འགོད་པར་བཤད།
         ཟླ་10ཚེས་16ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ནང་ཆེན་རྫོང་འབྲོག་ཤོག་གཞུང་ཤང་སྐྱབས་མཛོ་གྲོང་ཚོའི་འབྲོག་པས་གསའ་ཞིག་གི་རྐང་པ་རྨས་ནས་འགྲོ་མི་ཐུབ་པ་མཐོང་རྗེས་ཡུལ་དེའི་དགོན་སྡེར་ལྟ་རྟོག་བྱེད་པར་བསྐྱལ་བ་མ་ཟད་གནས་ཚུལ་རྣམས་རྫོང་ནགས་ལས་ཅུས་དང་ནགས་ཚལ་སྤྱི་བདེ་ཅུས་ལ་སྙན་སེང་ཞུས།
        ཡུལ་དེའི་སྐྱོབ་བཅོས་ཆ་རྐྱེན་ཞན་པའི་དབང་གིས་ནང་ཆེན་རྫོང་སྲིད་གཞུང་གིས་ཡུལ་དེ་གའི་སྲིད་གཞུང་མིན་པའི་རྩ་འཛུགས་ཏེ། པེ་ཅིང་ལག་བདེ་མ་སྤྱི་ཕན་ཐེབས་རྩ་ཚོགས་པར་འབྲེལ་གཏུག་བྱས་ནས་རིགས་གཅིག་མཁས་ཅན་གདན་ཞུས་ཀྱིས་གསའ་དེར་སྐྱོབ་བཅོས་བྱས།
        ཟླ་10ཚེས་18ཉིན། པེ་ཅིང་ནགས་ལས་སློབ་ཆེན་གསའ་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཡུལ་ཤུལ་དུ་འབྱོར་ཞིང་། རྨས་སྐྱོན་ཕོག་པའི་གསའ་དེ་སྨད་རུས་ཆག་ནས་ལུས་སྨད་འགུལ་མི་ཐུབ་པའི་གཏན་འཁེལ་རགས་ཙམ་བྱས་པ་དང་། བརྟག་དཔྱད་སྔར་ལས་ལྷག་པ་བྱས་རྗེས་དེའི་རྐང་ཚིགས་ཀྱི་པགས་པ་བརྡར་ཟད་ཐེབས་པ་དང་སྨད་ཁོག་སྐྲངས་ཏེ་གཉན་ཁའང་རྒྱས་ཡོད་པས་རྨས་སྐྱོན་ཕོག་ནས་ཉིན་མང་པོ་སོང་བ་ཤེས།
        “བརྟག་དཔྱད་བྱས་པ་བརྒྱུད། སྐྱོབ་བཅོས་སྡེ་ཚན་གྱིས་ཡུལ་དེར་སྨན་བཅོས་ལེགས་པོ་བྱ་རྒྱུའི་ཆ་རྐྱེན་མེད་པའི་ངོས་འཛིན་བྱས་པར་བརྟེན་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱས་རྗེས་ཟླ་10ཚེས་28ཉིན་རྨས་སྐྱོན་ཕོག་པའི་གསའ་དེ་ང་ཚོའི་སྐྱོབ་བཅོས་ལྟེ་གནས་སུ་བསྐྱལ་བ་རེད། ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར་གསའ་དེ་ཟི་ལིང་དུ་བདེ་བླག་ངང་འབྱོར་བ་དང་། དགོང་མོའི་ཆུ་ཚོད་8པར་པེ་ཅིང་གཅན་གཟན་གླིང་གི་སྲོག་ཆགས་སྨན་ཁང་དང་པེ་ཅིང་ཀྲུང་ནུང་ཕེ་ཏེ་སྲོག་ཆགས་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོས་ང་ཚོའི་སྐྱོབ་བཅོས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་གསའ་དེར་སྨན་བཅོས་བྱས་པ་རེད”ཅེས་མཚོ་སྔོན་ཞིང་ཆེན་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆི་ཤིན་ཀྲང་གིས་བཤད།
         རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སྨན་བཅོས་བྱས་རྗེས། ལོ་4མ་ཟིན་ཙམ་གྱི་གསའ་དེ་ཕོ་ཡིན་པ་དང་། ལོ་མཉམ་གསའ་ལས་གཟུགས་སྟོབས་ཆུང་བ། རྐང་པ་གཉིས་ཀ་འཛུགས་ཐབས་མེད་པ་དང་སྨད་རུས་དང་རྐང་པ་འགུལ་མི་ཐུབ་པ། རྐང་པ་གཉིས་ཀའི་གཞོགས་གཡས་པར་བརྡར་ཟད་ཐེབས་པའི་ཤུལ་ཡོད་པའི་གཏན་འཁེལ་བྱས།
        “རྨས་སྐྱོན་ཕོག་པའི་གསའ་དེས་བཙོག་གཅིན་གཏོང་ཐབས་བྲལ་བས་ནང་ཆེན་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་ཉིན་ལྟར་སྐྱོར་དགོས་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཉིང་རྡུལ་ཁབ་ལེན་མཉམ་འདར་གྱི་བརྟག་དཔྱད་བྱེད་ཐུབ་པའི་གཅེས་ཉར་སྲོག་ཆགས་ཀྱི་སྨན་ཁང་མེད་པས། ཕྱོགས་མང་པོས་མཐུན་སྦྱོར་བྱས་པ་བརྒྱུད་རྨས་སྐྱོན་ཕོག་པའི་གསའ་དེ་ཟླ་10ཚེས་29ཉིན་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་གློག་པར་ཚན་ཁག་ཏུ་ཉིང་རྡུལ་ཁབ་ལེན་མཉམ་འདར་གྱི་བརྟག་དཔྱད་བྱེད་པར་བསྐྱལ་བ་རེད”ཅེས་ཆི་ཤིན་ཀྲང་གིས་བཤད།
        བརྟག་དཔྱད་བྱས་པ་བརྒྱུད། གསའ་དེ་དབང་རྩ་ཉམས་ནས་ཞ་འཁུམས་ཆགས་པ་ཞིག་མིན་པ་དང་། ཁྲག་བརྟག་དཔྱད་དང་ཁྲག་གི་སྐྱེ་དངོས་རྫས་འགྱུར་བརྟག་དཔྱད་བྱས་པ་ལས་གསའ་དེའི་ཁྲག་ལ་ཀལ་ལྡན་ཚད་ཧ་ཅང་དམའ་པོ་ཡིན་པ་དང་ཆབས་ཅིག་གཉན་ཁ་ཚབས་ལྕི་པོ་བརྒྱབ་པ་མངོན།
        རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གསའ་དེར་ཟུག་འཇོམས་དང་། གཉན་འཇོམས། ཀལ་གསབ། གཅིན་འདེད་དང་དེ་བཞིན་དབང་རྩ་གསོ་བའི་སྨན་བཅོས་ཇུས་གཞི་བཟོས་ཤིང་། ཟླ་11ཚེས་3ཉིན་ནས་བཟུང་། གསའ་དེའི་དབང་པོའི་ནུས་པ་ཁག་སླར་གསོ་ཡག་པོ་བྱུང་བ་དང་མིག་སྔར་རང་ཚུགས་སུ་ལང་ཐུབ་ཀྱི་ཡོད།
        “གོམ་སྟབས་རྗེས་མར་ང་ཚོས་བརྟག་དཔྱད་གནས་ཚུལ་གཞིར་བཟུང་གསའ་དེར་ཚད་ཉུང་གཞི་རྒྱུ་ཕྲན་བུ་ཁ་གསབ་བྱ་རྒྱུ་མ་ཟད། འོད་ལུམས་དང་འཕུར་མཉེད་སྨན་བཅོས་འོས་འཚམ་བྱ་རྒྱུ་ཡིན། གལ་ཏེ་གསའ་དེ་རྦད་དེ་དྲག་སྐྱེད་བྱུང་ཚེ་རང་བྱུང་ཁམས་སུ་གློད་རྒྱུ་ཡིན”ཞེས་ཆི་ཤིན་ཀྲང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།