འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྐྱིད་གྲོང་དུ་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ། 

    —— ཀྲུང་ནེའི་མཐའ་མཚམས་འགག་སྒོར་བཅར་འདྲིར་བསྐྱོད་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         1961ལོའི་ཟླ་བཅུ་གཉིས་པར། བོད་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོའི་སྒོ་མོ་ཕྱེ་བ་དང་1978ལོར་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་གྱི་ཚོང་འགྲུལ་འགག་སྒོར་རིམ་པ་སྤར་མོད། འོན་ཏེ་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པའི་དབང་གིས་སྐྱིད་གྲོང་འགག་སྒོའི་ནུས་པ་རིམ་བཞིན་ཆུང་དུ་སོང་། 2015ལོའི་ཟླ་བ་བཞི་པར་ནེ་པ་ལར་ས་ཡོམ་མ་བརྒྱབ་གོང་ཀྲུང་ནེའི་དབར་གྱི་སྐམ་ལམ་ཉོ་ཚོང་90%ཉེ་འཁོར་རྫོང་གི་འགྲམ་འགག་སྒོ་བརྒྱུད་ཀྱི་ཡོད།
         ས་ཡོམ་རྒྱག་སྐབས་སྐྱིད་གྲོང་འགག་སྒོའི་ཁང་པ་དག་ནེ་པ་ལ་བའི་ཉེན་གཡོལ་བྱེད་སར་གྱུར། དུས་ཡུན་ལོ་ཕྱེད་ཀྱང་མ་སོང་བར་སྐྱིད་གྲོང་འགག་སྒོའི་འགག་སྒྲོལ་ལས་སྒོ་སླར་གསོ་ཐུབ་སྟེ་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་གྲོང་མི་དང་། ཡུལ་སྐོར་བ། དངོས་ཟོག་བཅས་འགྲོ་འོང་དང་དབོར་འདྲེན་རྒྱུན་ཆད་རྒྱུ་མེད། 2016ལོར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་34.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་ལྡབ་4.59འཕར་ཡོད།
        2017ལོའི་ཟླ་4ཚེས་13ཉིན། སྐྱིད་གྲོང་གི་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་བྱུང་བ་དང་ཡུན་རིང་མ་སོང་བར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་བརྒྱུད་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོ་ཞིག་ཏུ་འགྱུར་རྒྱུ་རེད།
        ཟླ་5ཚེས་12ཉིན། ཀྲུང་གོ་དང་ནེ་པ་ལས་ཀ་ཏ་མན་རྡུར“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པས། སྐྱིད་གྲོང་འགག་སྒོའི་ཕྱོགས་གཉིས་སུ་འབྱུང་འགྱུར་ལམ་དྲ་དང་། གློག་དྲ། ལྕགས་ལམ་སོགས་ཤར་གཏོང་ཐུབ་ནས་སྦྲེལ་མཐུད་སྔར་བས་དམ་ཟབ་ཡོང་རྒྱུ་རེད།
        སྔོན་མའི་སྐྱིད་གྲོང་དུ་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཆེ་ཙམ་ཐེབས་ཀྱང་ད་ལྟའི་སྐྱིད་གྲོང་དུ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པའི་རྣམ་པས་ཁེངས་ཡོད།
        གྲོང་རྡལ་གྱི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་རྩ་བའི་ཆ་ནས་བསྐྲུན་ཟིན། སྐྱིད་གྲོང་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྤེན་པས་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་4160བཏང་བ་དང་སྔོན་དཔག་བྱས་ན་ཚོང་དུད་དྲུག་བཅུ་ཤོང་རྒྱུ་རེད་ཅེས་བཤད་བྱུང་།
        སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་སྐྱོད་པའི་གཞུང་ལམ་ཡང་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། ཨར་ལས་རུ་ཁག་གིས་ལམ་རྒྱུད་ཀྱི་རི་གཞི་བརྟན་དུ་གཏོང་བ་དང་འབྲེལ་ཉེན་ཁ་ཆེ་བའི་ལམ་དུམ་བུ་ཁག་གཅིག་སྒྱུར་བཟོའང་བྱེད་བཞིན་ཡོད།
        རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བ་གཞིས་རྩེ་བར་དུ་སྣུར་སྲིང་བྱུང་བ་དང་ཆབས་ཅིག་མིག་སྔར་སྣུམ་ནག་གཞུང་ལམ་ཁོ་ན་ལས་མེད་པའི་གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་ལམ་དུམ་བུ་དེ་ཨེ་ཤེ་ཡ་ལྷོ་མའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཇུར་མིག་ཅིག་ཏུ་གྱུར་ཡོད། མི་རྣམས་ཀྱིས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་སྦྲགས་འབྱུང་འགྱུར་མེ་འཁོར་སྐྱིད་གྲོང་བར་དུ་ཤར་གཏོང་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
        འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བའི་སྐྱིད་གྲོང་དུ་ཨར་ལས་རུ་ཁག་གིས་ཁེངས་པ་དང་ཨར་ལས་རུ་ཁག་ལ་ནེ་པ་ལ་བ་མི་ཉུང་བ་ཞིག་ཀྱང་ཡོད། སྐྱིད་གྲོང་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྤེན་པས་མིག་སྔར་སྐྱིད་གྲོང་དུ་ཡོད་པའི་རྒྱལ་ཁུངས་ནེ་པ་ལ་ནས་ཡིན་པའི་མི་སྣས་གཙོ་བོ་ཞབས་ཞུ་དང་། འཛུགས་སྐྲུན། བཟའ་བཏུང་། སིལ་ཚོང་སོགས་ལས་རིགས་སུ་ཞུགས་ཀྱི་ཡོད་ཅེས་བཤད་བྱུང་།
        ནེ་པ་ལ་བ་ཏན་ཉི·ཐ་མོང་དང་ཁོང་གི་ཟླ་བོ་མིན་མཱ·མཚོ་མོས་2012ལོར་སྐྱིད་གྲོང་གྲོང་རྡལ་དུ་ནེ་པ་ལའི་བཟའ་ཁང་དང་པོ་སྟེ“ནོར་གླིང”བཙུགས་པ་རེད། ད་ལྟ་ཁོང་གིས་བཟའ་ཁང་གི་ཐོག་སོ་གཉིས་པ་མཛེས་བཟོ་བྱས་ནས་ཀོག་ཧྥེ་ཁང་ཞིག་འཛུགས་རྩིས་བྱེད་བཞིན་ཡོད། གང་ལགས་ཤེ་ན། ད་ལྟ་སྐྱིད་གྲོང་དུ་ཡོང་མཁན་ནམ་ཡང་ན་སྐྱིད་གྲོང་ནས་ནེ་པ་ལར་ཐོན་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་མ་ཟད། ད་དུང་པེ་ཅིང་དང་ཧྲང་ཧའེ་ཡི་ཡུལ་སྐོར་བ“ནོར་གླིང”དུ་ཤ་འབྲས་ཟ་བར་ཡོང་མཁན་ཡང་མང་དུ་འགྲོ་བས་རེད།
        སྐྱིད་གྲོང་གིས“རྒྱུད་གཅིག་ལམ་གཅིག”གི་ཤར་རླུང་ལ་བརྟེན་ནས་འབད་བརྩོན་ལྷོད་མེད་ཀྱིས་མདུན་དུ་སྐྱོད་བཞིན་མཆིས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་དབྱི་ཉིང་དང་ཙེང་ཐའོ་ཡིས། 
      

    ཕྱོགས་བསྡུས་གསར་འགྱུར།