འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།པད་ཁུད་མཚོ་ངོགས་ཀྱི་འཛིན་བུའི་ཚོང་གཉེར་ཐབས་ལམ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་སྐྱིད་གྲོང་རྫོང་པད་ཁུད་མཚོ་འགྲམ་དུ་ཞིབ་མོར་བལྟས་ཚེ་ཁྱེད་ཀྱིས་ཀེའུ་ཚོད་དང་འདྲ་བའི་རི་སྐྱེས་སྐྱེ་དངོས་ཤིག་མཐོང་ཐུབ། ཡ་མཚན་སེམས་པས་སྐུལ་ཏེ་ཏོག་ཙམ་བཀོག་ནས་བཟས་ཚེ་ཁ་ཚའི་བྲོ་བ་ཞིག་ཚོར་ཐུབ་པ་དང་། དེ་ནི་འཛིན་བུ་རེད།
         འཛིན་བུ་ནི་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་སྨན་སྣའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། བཙོས་མ་ཐག་པའི་ཞོག་ཁོག་ལ་འཛིན་བུ་ཏོག་ཙམ་བརྒྱབ་ཚེ་བྲོ་བ་ཧ་ཅང་ཞིམ་པ་དང་། ཚགས་ཤ་དང་ལུག་ཤ་བཙོ་སྐབས་འཛིན་བུ་སོས་པ་ཏོག་ཙམ་བརྒྱབ་ཚེ་མདོག་དྲི་རོ་གསུམ་ལྡན་པར་འགྱུར་ཐུབ། བོད་ཐུག་གི་ཁུ་བའི་ནང་འཛིན་བུ་ཏོག་ཙམ་བརྒྱབ་ནའང་ཐུག་པ་འཐུང་མཁན་རྣམས་ལ་བྲོ་བ་མངར་བསིལ་ལྡན་པ་ཞིག་ཡོང་གི་ཡོད།
         འཛིན་བུ་སྐྱེས་ཁུལ་དེ་པད་ཁུད་མཚོ་ངོགས་ཀྱི་བྲག་སྣེ་ཤང་གུང་ངུར་གྲོང་ཚོར་གནས་ཤིང་། གྲོང་མི་བཀྲ་ཤིས་ཆོས་སྒྲོན་གྱིས་བཏུས་མ་ཐག་པའི་འཛིན་བུ་ཞིབ་མོར་བརྡུངས་ཏེ་གྲིབ་སྐམ་གཏོང་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག
         2016ལོའི་གོང་དུ་བཀྲ་ཤིས་ཆོས་སྒྲོན་གྱི་ཁྱིམ་ནི་གུང་ངུར་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ཁྱིམ་གྱི་ཡོང་འབབ་ལོ་མང་ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་ཁྱོ་བོར་བརྟེན་དགོས་ཀྱི་ཡོད། 
         2015ལོ་ནས་བཟུང་མི་ཐབས་ལ་བརྟེན་ནས་འཛིན་བུ་བཏབ་རྗེས་བཀྲ་ཤིས་ཆོས་སྒྲོན་གྱི་ཁྱིམ་ལ་འབབ་འཕར་གྱི་ཐབས་ལམ་ཞིག་མང་དུ་ཕྱིན་ཡོད་པ་རེད།
         གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིས“ན་ནིང་གི་ལོ་མཇུག་ཏུ་བཀྲ་ཤིས་ཆོས་སྒྲོན་གྱི་ཁྱིམ་གྱི་དབུལ་ཞྭ་རྦད་དེ་ཕུད་པ་རེད”ཅེས་བརྗོད། 
         གུང་ངུར་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་ཞིང་། ལོ་ལྟར་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་མོད། འོན་ཀྱང་རྨོ་ཞིང་རྒྱ་ཁྱོན་ཆུང་བ་དང་རྩྭ་རའི་རྒྱ་ཁྱོན་ཆུང་བ་སོགས་ཀྱིས་རྐྱེན་པས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྔ་བར་ཕྱི་གསུམ་དུ་ཚོད་འཛིན་ཕོག་ཡོད་པ་རེད།
         2013ལོར་སྐྱིད་གྲོང་རྫོང་གི“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”གི་འཕེལ་རྒྱས་འཆར་འགོད་གཞིར་བཟུང་བྲག་སྣེ་ཤང་ཏང་ཨུད་ཀྱིས་འཛིན་བུའི་ཐོན་ལས་དེ་གུང་ངུར་གྲོང་ཚོའི“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”གི་ཐོན་ལས་སྤུས་རྟགས་སུ་གཏན་འཁེལ་བྱས་ཡོད་པ་རེད། ཐོག་མའི་དུས་ཀྱི་མུའུ་10ནས་ད་ཆའི་མུའུ་100བར་རིམ་གྱིས་འཕེལ་རྒྱས་དང་རྒྱ་ཆེར་བཏང་བས་གུང་ངུར་གྲོང་ཚོའི་འཛིན་བུ་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་མགྱོགས་མྱུར་ཆགས་ཤིང་། ད་ཆ་འཕྲུལ་ཆས་ནང་འདྲེན་དང་ཆེད་ལས་འཛིན་བུ་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཡོད་ལ་གཅིག་གྱུར་གྱི་ཐུམ་སྒྲིལ་ཡང་ཡོད་པ་རེད།
        གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིས་ངོ་སྤྲོད་བྱས་དོན། མིག་སྔར་གུང་ངུར་གྲོང་ཚོའི་འཛིན་བུའི་འདེབས་ཁྱོན་དུད་ཚང་རེར་ཆ་སྙོམས་མུའུ་2.1ཟིན་པ་དང་། དུས་ཚིགས་གཅིག་ལ་ཐེངས་3བསྡུ་བ། མུའུ་རེའི་ཐོན་རྫས་རྒྱ་མ་25ཟིན་པ། རྒྱ་མ་རེའི་ཁྲོམ་རའི་རིན་གོང་སྒོར་35ཙམ་ཟིན་པ། ལོ་གཅིག་ལ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་26.25ཟིན་གྱི་ཡོད། “ན་ནིང་གི་ལོ་མཇུག་བར་བཀྲ་ཤིས་ཆོས་སྒྲོན་ཁྱིམ་གྱི་དབུལ་པོའི་ཞྭ་མོ་རྦད་དེ་ཕུད་པ་རེད”
        “འཛིན་བུ་འདེབས་འཛུགས་རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཆ་སྙོམས་ཡོང་འབབ་སྒོར་7000ཡན་ཟིན་ནས་འབབ་འཕར་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད”ཅེས་པད་ཁུད་མཚོ་ངོགས་སུ་མཉམ་དུ་གནས་པའི་ཀྲེ་པ་ཤང་བྱ་མང་པོ་གྲོང་ཚོའི་གྲོང་མིས་བརྗོད་པ་དང་། གྲོང་ཚོ་དེ་ཡང་སྐྱིད་གྲོང་རྫོང་གི་འཛིན་བུ་ཐོན་སྐྱེད་གཙོ་གནད་གྲོང་རྡལ་ཞིག་རེད།
        “དེ་སྔོན་འཛིན་བུ་རིན་གོང་དམའ་པོའི་ཐོག་ནས་འཚོང་བའམ་ཡང་ན་འཚོ་བའི་མཁོ་ཆས་གཞན་དག་དང་བརྗེ་པོ་རྒྱག་གི་ཡོད། ད་ཆ་ང་ཚོར་ཡང་རང་ཉིད་ཀྱི་སྤུས་རྟགས་ཡོད”ཅེས་པའི་སྐད་ཆ་དེ་ལས་བྱ་མང་པོ་གྲོང་ཚོའི་གྲོང་མིའི་སྤུས་རྟགས་ཀྱི་འདུ་ཤེས་མངོན་པར་མཚོན་ཐུབ།
        བྱ་མང་པོ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་གྲོང་སྡོད་ས་ཚིགས་ཡིན་པ་དང་། ལོ་འགའི་རིང་གྲོང་སྡོད་ལས་དོན་རུ་ཁག་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འཆར་གཞི་བཟོ་བ་དང་། རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱེད་པ། ཚན་རིག་དང་མཐུན་པའི་སྣེ་ཁྲིད་བཅས་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་འཛིན་བུ་འདེབས་རྒྱ་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་བརྒྱུད་དེ་བྱ་མང་པོ་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱི་ཚོང་ཟོག་གི་འདུ་ཤེས་ཧ་ཅང་ཟབ་ཏུ་ཕྱིན་ནས་བསམ་བློ་རྙིང་པའི་འཆིང་རྒྱ་ལས་སྒྲོལ་ཏེ་འཛིན་བུ་ཐོན་ལས་ཅན་སྐྲུན་མགྱོགས་སུ་ཕྱིན་ཡོད་པ་རེད།
        ད་ཆ་བྱ་མང་པོ་གྲོང་ཚོའི་ལོ་རེའི་འཛིན་བུ་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་20ཡན་ཟིན་པ་དང་། འཛིན་བུ་མི་ཐབས་ལ་བརྟེན་ནས་འདེབས་གསོ་དང་འདེབས་ཁྱོན་ཡང་ཐོག་མའི་དུས་ཀྱི་མུའུ་5ནས་ད་ཆའི་མུའུ་300ལྷག་ཙམ་བར་རྒྱ་ཆེར་ཕྱིན་ནས་རི་སྐྱེས་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པའི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད་པ་རེད།
        ལོ་ལྟར་ཚོང་པ་མང་པོ་དེ་གར་འཛིན་བུ་ཉོ་བར་ཡོང་བ་དང་། ཚོང་ཟོག་དེ་གཞིས་རྩེ་གྲོང་ཁྱེར་དུ་འཚོང་བ་མ་ཟད། ད་དུང་ནེ་པ་ལར་འཚོང་གི་ཡོད། ད་ཆ་འཛིན་བུ་ཉོ་མཁན་མེད་པའི་སེམས་ཁྲལ་བྱེད་དགོས་ཀྱི་མེད་པ་རེད།
        “ང་ཚོས་འཛིན་བུ་འདེབས་འཛུགས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་འཛིན་བུ་ལས་སྣོན་ཞིབ་ཚགས་བྱས་ཏེ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་དང་། སྐྱིད་གྲོང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འཚོང་ཐུབ་པའི་བརྩོན་ལེན་བྱས་ཏེ་འཛིན་བུ་ཞིང་འབྲོག་པའི་མཉམ་ལས་ཁང་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བྲག་སྣེ་ཤང་གི་ཞིང་འབྲོག་པས་བརྗོད་པ་དང་། ཁོང་ཚོས་གོམ་སྟབས་རྗེས་མར་འཛིན་བུ་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་ཐད་ཡིད་ཆེས་ཆེན་པོ་བྱེད་བཞིན་མཆིས།
        ད་ཆ་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཕྱིན་ནས་པད་ཁུད་མཚོ་ངོགས་ཀྱི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་ཐབས་ལམ་ལ་འགྱུར་ལྡོག་ཕྱིན་ནས། ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ཞིང་། མང་ཚོགས་འབབ་འཕར་དཀའ་བ་དང་ཕྱུག་འགྱུར་ཐབས་ལམ་མེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།