འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྟ་ཞིབ་ཚད་ལེན་བྱས་པ་ལས་མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གཙང་མ་ཡིན་
    པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཚན་རིག་མཁས་པས་དུས་ཡུན་རིང་པོར་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་བྱས་པ་ལས། མཚོ་བོད་ས་མཐོའི་རླུང་ཁམས་ཆེན་མོའི་ས་ངོས་དང་ཉེ་བའི་དབྱིངས་འཁོར་དབུགས་རྡུལ་གྱི་གར་ཚད་དམའ་པོ་ཡིན་པ་ཤེས་ཤིང་། ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་གྲུབ་འབྲས་གསར་པ་འདིས་མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གཙང་མ་ཡིན་པ་སླར་ཡང་ར་སྤྲོད་ཐུབ་ཡོད།
         ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གིས་2011ལོའི་སྟོན་ཁ་ནས་བཟུང་ཀྲུང་གོ་ཚན་རིག་ཁང་གི་རླུང་ཁམས་ཆེན་མོའི་དངོས་ཁམས་ཞིབ་འཇུག་ཁང་དང་། ནུབ་བྱང་སྣོད་བཅུད་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་དང་མཉམ་ལས་བྱས་ཏེ། ཕྱི་རོལ་གྱི་ལྟ་ཞིབ་ཁང་དང་ས་ཚིགས་ལ་བརྟེན་ནས་མཚོ་བོད་ས་མཐོའི་མངའ་རིས་དང་། ཇོ་མོ་གླང་མ། གནམ་མཚོ། བོད་ཤར་ལྷོ་བཅས་ས་ཁུལ་གྱི་རླུང་ཁམས་ཆེན་མོའི་དབྱིངས་འཁོར་དབུགས་རྡུལ་ལ་དུས་ཡུན་རིང་པོར་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱས་པ་རེད།
         ཞིབ་འཇུག་བྱས་འབྲས་ལས། མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་ས་ངོས་དང་ཉེ་བའི་དབྱིངས་འཁོར་དབུགས་རྡུལ་གྱི་གར་ཚད་དམའ་བ་དང་། སྨུག་རྡུལ་ཕྲ་རབ་(PM2.5)ཀྱི་གར་ཚད་ལ་མངོན་གསལ་དོད་པའི་ཉིན་རེའི་འགྱུར་ལྡོག་གི་ཁྱད་ཆོས་ལྡན་པ་ཤེས་པ་རེད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚུང་ཀྲེ་ཡོན་གྱིས་རྒྱང་ཚོར་བྱས་འབྲས་ལས་སྔར་བས་གསལ་བཤད་ཐུབ་པ་ནི། མཚོ་བོད་ས་མཐོའི་དབྱིངས་འཁོར་དབུགས་རྡུལ་གྱི་གར་ཚད་ལ་ས་ཁོངས་ཀྱི་ཁྱད་པར་མངོན་གསལ་དོད་པ་དང་། དེ་ཡང་ལྟོས་ཟླའི་སྐམ་སའི་སྣོད་བཅུད་མ་ལག་དང་འབྲེལ་བ་སྟེ། རི་མཐོའི་ཐང་རྒོད་ས་ཁོངས་ནི་སྤང་ལྗོངས་དང་ནགས་ཚལ་ས་ཁོངས་ལས་མཐོ་བ་ཡོད་ཀྱང་། རྡུལ་ཕྲ་རབ་ཀྱིས་བཟུང་བའི་བསྡུར་ཚད་ཐད་སྤང་ལྗོངས་དང་ནགས་ཚལ་ས་ཁོངས་ཀྱི་བསྡུར་ཚད་རི་མཐོའི་ཐང་རྒོད་ལས་མཐོ་བ་ཡོད་པ་རེད་ཅེས་བཤད།
         ཚུང་ཀྲེ་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེར་ཞིབ་འཇུག་བྱས་པ་ལས་མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་དབྱིངས་འཁོར་དབུགས་རྡུལ་ཐེག་ཚད་ལ་ཡུལ་དུས་ཀྱི་ཁྱད་པར་ཡོད་པའི་ངོས་འཛིན་ཟབ་ཏུ་སོང་བ་དང་། ས་ཁུལ་དེའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་ལ་གདེང་འཇོག་བྱ་རྒྱུར་དཔྱད་གཞི་དང་པོ་མཁོ་འདོན་ཐུབ་ལ། ས་ཁོངས་ཀྱི་གནམ་གཤིས་དཔེ་དབྱིབས་ཐད་ལའང་གཞི་རྩའི་གྲངས་གཞི་གལ་ཆེན་མཁོ་འདོན་ཐུབ་ཅིང་། ཞིབ་འཇུག་བྱས་འབྲས་དེ་ཉེ་ཆར་རླུང་ཁམས་ཆེ་མོའི་ཚན་རིག་ཁྱབ་ཁོངས་ཀྱི་དུས་དེབ་གྲགས་ཅན་《རླུང་ཁམས་ཆེ་མོའི་རྫས་འགྱུར་དང་དངོས་ཁམས་རིག་པ་》ཞེས་པར་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།