འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“ནན་ཅིན་བ་མིག་སྔོན་དེ”བརྗེད་མི་སྲིད། 

    —— ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཨ་ཁ་ཏི་ཡ་གྲོང་ཁྱེར་གྱིས་རྡོ་རིང་བསླངས་ནས་སྨན་པ་ཝེར་ཤུན་ལ་དྲན་གསོ་ཞུས་པའི་སྐོར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཁོང་ནི་ཨ་རིའི་སྤྱི་དམངས་ཤིག་རེད་ལ་མི་ཆོས་རིང་ལུགས་ཀྱི་དཔའ་བོ་ཞིག་ཀྱང་རེད” “ནན་ཅིང་དམར་གསོད་ཆེན་མོའི་རིང་ཁོང་གི་དཔའ་མཛངས་རྟུལ་ཕོད་ཀྱི་བྱ་སྤྱོད་ལ་ང་ཚོས་ནམ་ཡང་དྲན་གསོ་ཞུ་ངེས་ཡིན”——འདི་ནི་སྨན་པ་ལུའོ་པོ་ཐེ·ཝེར་ཤུན་གྱི་དྲན་གསོའི་རྡོ་རིང་དུ་བརྐོས་པའི་ཚིག་དུམ་རེད།
         སྨན་པ་ཝེར་ཤུན་ལ“ནན་ཅིན་བ་མིག་སྔོན”ཞེས་འབོད་ཀྱི་ཡོད། ལོ་80ཡི་གོང་དུ། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་སྐྱེ་གཡའ་བའི་ནན་ཅིང་དམར་གསོད་ཆེ་མོ་བྱས་ཤིང་། དེ་དུས་སྨན་པ་ཝེར་ཤུན་གྱིས་དཔའ་ངར་ལྡན་པའི་ངང་ཀྲུང་གོ་བ་མང་པོའི་སྲོག་བསྐྱབས་པ་མ་ཟད། རི་པིན་བཙན་འཛུལ་དམག་གིས་ནན་ཅིང་དུ་གདུག་རྩུབ་ཀྱི་སྤྱོད་ངན་སྤེལ་བའི་དཔང་པོར་གྱུར་པ་དང་ཟིན་ཐོ་ཡང་བཀོད་ཡོད་པ་རེད།
         ཉེ་ཆར། ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཨ་ཁ་ཏི་ཡ་གྲོང་ཁྱེར་དུ་ཀྲུང་གོ་དང་ཨ་རིའི་མང་ཚོགས་བརྒྱ་ཕྲག་ལྷག་སྨན་པ་ཝེར་ཤུན་གྱི་དྲན་གསོའི་རྡོ་རིང་བཙུགས་པའི་མཛད་སྒོར་ཞུགས་ཡོད། བྱེད་སྒོ་དེ་ཨ་རིའི་ནན་ཅིང་དམར་གསོད་ཆེན་མོར་དྲན་གསོ་ཞུ་བའི་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པ་མང་པོས་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་རེད།
         མི་རྣམས་ཀྱིས་རྒན་པ་བསྐྱོར་ཅིང་ཕྲུ་གུ་ཁྲིད་ནས་བང་རིང་པོ་བསྒྲིགས་ཏེ་ལག་གི་མེ་ཏོག་རིམ་པ་བཞིན་དྲན་གསོའི་རྡོ་རིང་གི་མདུན་དུ་བཞག་པ་དང་། མུན་ནག་དང་ཉེན་ཁ་དང་གོད་ཆག་གི་ལོ་ཟླའི་ནང་ཀྲུང་གོའི་མི་དམངས་ལ་རོགས་སྐྱོར་གནང་མཁན་གྲོགས་པོ་རྙིང་པ་དེར་མྱ་ངན་དང་གུས་འདུད་ཞུས་པ་རེད།
        1906ལོར་སྨན་པ་ཝེར་ཤུན་ནན་ཅིང་དུ་ཆོས་སྤེལ་མཁན་གྱི་ཨ་རིའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་ཁོང་གིས་ནན་ཅིང་རང་ཉིད་ཀྱི་ཕ་ཡུལ་དུ་བརྩིས་ཡོད། ཧ་ཧྥོ་གསོ་རིག་སློབ་གླིང་ནས་ཐོན་རྗེས་ཝེར་ཤུན་གྱིས་གཉེན་སྒྲིག་བྱེད་མ་ཐག་པའི་བཟའ་ཟླ་ཁྲིད་ནས་ནན་ཅིང་དུ་ལོག་སྟེ་ཀུའུ་ལོའུ་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་པའི་ཕྱག་ལས་བསྒྲུབས།
        1937ལོར་རི་པིན་བཙན་འཛུལ་དམག་གིས་ནན་ཅིང་ལ་དཔུང་འཇུག་བྱེད་སྐབས། སྨན་པ་ཝེར་ཤུན་གྱིས་བློ་ཐག་ཆོད་པོས་དཀའ་སྡུག་གི་གནས་སུ་གྱར་བའི་མི་སེར་ལ་རོགས་རམ་བྱས་པ་དང་། ནུབ་ཕྱོགས་པ་ཁ་ཤས་དང་ལྷན་དུ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་ཀྱིས་སྐྱབས་བཅོལ་བའི་བདེ་འཇགས་ཁུལ་བརྒྱབ་ནས་ནན་ཅིང་གི་གྲོང་མི་ཁྲི་20ལྷག་གི་ཚེ་སྲོག་བསྐྱབས་ཁར་རི་པིན་དམག་མིའི་གཏུམ་སྤྱོད་ཟིན་ཐོར་བཀོད་པ་རེད།
        “ངའི་ཨ་ཕས་ཀྲུང་གོ་བར་དགའ་ཞེན་བྱེད། ཁོང་ནན་ཅིང་དུ་འཁྲུངས་པ་ནས་བཟུང་ཁོང་གིས་ཀྲུང་གོ་བ་རང་གི་སྤུན་ཟླར་བརྩིས་ཡོད”ཅེས་སྨན་པ་ཝེར་ཤུན་གྱི་བུ་མོ་མ་ཆའོ་ལི·ཅ་ལེ་ཐེས་བརྗོད་ཅིང་། ཁོང་གིས། མི་མང་པོ་འདི་འདྲ་ཨ་ཕར་དྲན་གསོ་ཞུ་བར་སླེབས་པས་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་བྱུང་།“ཁོང་ཚོའི་བརྩེ་དུང་དང་ཨ་ཕར་བཅངས་པའི་གུས་སེམས་ངས་ཚོར་གྱི་འདུག”ཅེས་བཤད།
        ཅ་ལེ་ཐེས་རང་ཁྱིམ་གྱི་མི་རབས་བཞི་ཁྲིད་ནས་ཨ་ཕའི་དྲན་གསོའི་རྡོ་རིང་བཙུགས་པའི་མཛད་སྒོར་ཞུགས་ཤིང་། མགོ་སྐྲ་དཀར་པོར་གྱུར་པའི་ཅ་ལེ་ཐེ་དང་ཁྱིམ་མི་རྣམས་གང་དུ་འབྱོར་ཡང་སྤྲོ་སེམས་འཁོལ་བའི་འཚམས་འདྲི་དང་བརྩི་བཀུར་གྱི་མིག་མདངས་ཀྱིས་ཁེངས་པ་མ་ཟད། མི་རྣམས་རུབ་ནས་ཁོང་ཚོར་ལག་པ་གཏོང་བ་དང་། འཐམ་འཁྱུད་བྱེད་པ། གླེང་མོལ་བྱེད་པ། མཉམ་དུ་པར་རྒྱག་པ་བཅས་བྱས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ་རེད།
        “ལོ་རྒྱུས་འདི་ངེས་པར་དུ་མི་རབས་རྗེས་མར་བརྗོད་ནས་དམར་གསོད་ཆེན་མོ་ཞེས་པའི་ལོ་རྒྱུས་ངོ་མ་དེ་རྟོགས་སུ་འཇུག་དགོས”ཞེས་ཅ་ལེ་ཐེས་བཤད།
        རྒྱལ་ཁོངས་ཨ་རི་ནས་ཡིན་པའི་གྲོངས་ཟིན་པའི་ཀྲུང་གོ་བའི་རྒྱུད་པ་བུད་མེད་རྩོམ་པ་པོ་《ནན་ཅིང་དམར་གསོད་ཆེ་མོ་》ཞེས་པའི་རྩོམ་པ་པོ་ཀྲང་ཁྲུན་རུའུ་ཡི་ཨ་མ་ཀྲང་ཡིང་ཡིང་ཡང་ཆེད་དུ་མཛད་སྒོར་ཞུགས་པ་མ་ཟད། སྨན་པ་ཝེར་ཤུན་གྱི་ཁྱིམ་མི་རྣམས་ལ་ཕྱག་རྟགས་ཀྱང་ཕུལ་ཡོད། ཁོང་གིས“སྨན་པ་ཝེར་ཤུན་གྱི་མཛད་བཟང་ལ་ཀྲུང་གོ་བའི་བརྩི་འཇོག་ཐོབ་ཡོད་པ་དང་། ཁོང་ནམ་ཡང་ཀྲུང་གོ་མི་དམངས་ཀྱི་སེམས་སུ་གསོན་པོར་གནས་ངེས་རེད”ཅེས་བཤད།
        ཀྲང་ཡིང་ཡིང་གིས། རི་པིན་དུ་ནན་ཅིང་དམར་གསོད་ཆེན་མོ་ཁས་མི་ལེན་པའི་རེ་ངན་འཆང་མཁན་སྔར་བཞིན་ཡོད་པའི་གནས་སྟངས་འོག སྨན་པ་ཝེར་ཤུན་ལ་དྲན་གསོ་ཞུ་བར་བརྟེན་ནས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱིས་ནན་ཅིང་དམར་གསོད་ཆེན་མོའི་ལོ་རྒྱུས་ལ་ཤེས་རྟོགས་དེ་བས་ཟབ་མོ་ཡོང་བ་བྱ་རྒྱུར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།“སྐབས་དེའི་དྲན་ཤེས་དེ་བརྗེད་མི་རུང”རི་པིན་གྱིས་དམག་འཁྲུག་གི་ཉེས་སྤྱོད་ཁས་བླངས་ཚེ་གཞི་ནས་འབྱུང་འགྱུར་དེ་མཚུངས་ཀྱི་ནོར་འཁྲུལ་ཤོར་མི་སྲིད་ཅེས་བརྗོད།
         མཛད་སྒོར་ཞུགས་མཁན་ཨ་ཁ་ཏི་ཡ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཏའེ་ཧྲའུ་ཀྲེན་གྱིས་ཝེར་ཤུན་ནི་ཨ་ཁ་ཏི་ཡའི་གྲོང་མི་ཞིག་རེད། སྨན་པ་ཞིག་གི་ངོས་ནས་ཁོང་གིས་ལོ་80ཡི་གོང་ནན་ཅིང་དུ་ཀྲུང་གོ་བ་མང་པོ་ཞིག་ལ་རོགས་རམ་གནང་མོད། འོན་ཀྱང་ཁོང་གི་མཛད་རྗེས་དེ་དག་ཨ་ཁ་ཏི་ཡ་དང་ཨ་རིར་ཤེས་མཁན་ཉུང་ཉུང་རེད། སྨན་པ་ཝེར་ཤུན་ལ་དྲན་གསོ་ཞུ་བ་ནི་དོན་སྙིང་ཧ་ཅང་ཆེ་བའི་བྱེད་སྒོ་ཞིག་རེད་ལ་རྗེས་རབས་པ་ཚོས་ལས་སླ་པོར་བྱུང་བ་མིན་པའི་ཞི་བདེར་དེ་བས་གཅེས་འཛིན་བྱ་རྒྱུར་སྐུལ་མ་གཏོང་ཐུབ་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་བྱུང་།
        ཡུལ་དེ་གའི་སློབ་མ་བཅུ་ལྷག་གིས་བྱེད་སྒོ་སྤེལ་ཡུལ་དུ་འཁྲབ་ཚན་ཐུང་གྲས་《ནན་ཅིང་ཀུའུ་ལོའུ་སྨན་ཁང་》ཞེས་པ་འཁྲབ་ནས་ཆོས་ཚོགས་ཀྱི་ཚོགས་ཁང་ཁེངས་པའི་མང་ཚོགས་ལ་སྐབས་དེ་དུས་སྨན་པ་ཝེར་ཤུན་གྱིས་སྨན་ཁང་དུ་མི་སེར་འཛིན་མཁན་རི་པིན་དམག་ནུས་ཤུགས་གང་ཡོད་ཀྱིས་བཀག་འགོག་བྱས་ཚུལ་བསྐྱར་དུ་མཚོན་པ་བྱས་པར་དགའ་བསུ་ཆེན་པོ་ཐོབ་པ་རེད།
        བྱེད་སྒོ་སྤེལ་ཡུལ་དུ་ཡོད་པའི་ཨ་ཁ་ཏི་ཡའི་དམངས་ཚོགས་ཏའེ་ཝེ·ལི་ཨའོ་ཡིས་སྨན་པ་ཝེར་ཤུན་གྱི་ནང་མི་དང་མཉམ་དུ་ཆོས་ཁང་གཅིག་ཏུ་ཕྱག་འཚལ་བར་ཡོང་གི་ཡོད་མོད། ཡིན་ནའང་སྨན་པ་ཝེར་ཤུན་གྱི་མཛད་རྗེས་ཤེས་པ་ཐེངས་དང་པོ་ཡིན། དེ་རྣམས་ཧ་ཅང་མི་སེམས་འགུལ་འོས་པ་ཞིག་འདུག ང་ཚོའི་སྡེ་ཁུལ་ལ་དེ་སྔ་སྨན་པ་ཝེར་ཤུན་ལྟ་བུ་ཡོད་པར་ང་སྤོབས་པ་སྐྱེ་ཡི་འདུག་ཅེས་བཤད་བྱུང་། འཁྲབ་ཚན་ནང་སྨན་པ་ཝེར་ཤུན་འཁྲབ་མཁན་ལོ་14ལ་སོན་པའི་ཀྲུང་གོ་བའི་རྒྱུད་པ་སློབ་འབྲིང་སློབ་མ་ཏའེ་ཝེ·ཧྲེན་གྱིས“ང་ལོ་10ལ་སོན་སྐབས་ནན་ཅིང་དམར་གསོད་ཆེན་མོ་ཞེས་པའི་ལོ་རྒྱུས་འཇིགས་སུ་རུང་བ་དེ་ཤེས་བྱུང་། དེ་ཉིན་དགོང་མོ་ང་གཉིད་ཀྱང་ཁུག་མ་བྱུང”ཞེས་བཤད།
        འཁྲབ་ཚན་ལ་ཞུགས་མཁན་ཀྲུང་གོ་བའི་རྒྱུད་པའི་སློབ་མ་བུ་མོ་རོན་སི་ཧྭ་ཡིས“ལོ་རྒྱུས་དེ་ནི་གདུག་རྩུབ་ཆེ་བ་ཞིག་རེད་ལ་ཡིད་སེམས་སྐྱོ་དགོས་པ་ཞིག་ཀྱང་རེད། ཉེས་པ་མེད་པའི་ཀྲུང་གོའི་དམངས་ཚོགས་རི་པིན་དམག་གིས་དམར་གསོད་བཏང་བའི་ལོ་རྒྱུས་དེ་ནམ་ཡང་བསྐྱར་ལོག་མི་ཡོང་བའི་རེ་བ་ཡོད”ཅེས་བཤད།
        ལོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཕྱིར་སྡོད་རང་མིའི་ལས་དོན་གྱི་ཁེ་སྐྱོང་བ་ཐང་ཁྲང་ཨན་གྱིས་ཤིས་ཚིག་རྗོད་སྐབས“ལོ་རྒྱུས་ངེས་པར་དུ་སེམས་ལ་ངེས་དགོས་པ་དང་དཔའ་བོ་ནམ་ཡང་བརྗེད་མི་རུང་། དེ་རིང་མི་མང་པོ་ཞིག་འདི་གར་ཡོང་བ་ལས་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱར་བརྩི་མཐོང་བྱེད་པའི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་གང་ལེགས་མངོན་ཡོད”ཅེས་བཤད།
        ཁོང་གིས“རྐྱེན་ལམ་དུ་སོང་བའི་སྤུན་ཟླ་དང་དཔའ་བོར་དྲན་གསོ་ཞུ་བ་དང་དུས་མཚུངས་ང་ཚོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་དམག་འཁྲུག་དུས་རབས་སུ་མཛའ་གྲོགས་ཟབ་མོ་ཆགས་པ་བརྗེད་མི་རུང་ལ་དེ་ཉིད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དངོས་སྒྲུབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྨང་རྡོ་ལྟ་བུར་བརྩིས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས”ཞེས་བཤད།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཧྲན་གྱིས།
      

    ཕྱོགས་བསྡུས་གསར་འགྱུར།