འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲག་སྲིད་ཀྱིས་མེ་འཁོར་སྤ་སེ་སྤྲད་དེ་གངས་ལྗོངས་ནས་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་ཚོར་
    དྲོ་སྐྱིད་སྦྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་གྱི་སྔ་དྲོར། ཁྲེང་ཏུའུ་ནས་ལྷ་སར་ཨར་པོ་རྒྱག་འགྲོ་མཁན་ཧྥན་ལི་དང་ཁོང་གི་ལས་རོགས་ཚོ་སྦྲག་སྲིད་ཅུས་ཀྱི་སྒོ་འགྲམ་དུ་སྐད་ཤུགས་ཆུང་ངུས་སྐད་ཆ་ཤོད་བཞིན་འདུག ཁོང་ཚོ་ནི་བོད་ལྗོངས་སྦྲག་སྲིད་ཀུང་སིས་ཉེ་དུས་ལས་མི་ཚོར་མེ་འཁོར་སྤ་སེ་སྤྲོད་པའི་བྱེད་སྒོ་སྤེལ་གྱི་ཡོད་པ་གོ་ཐོས་བྱུང་རྗེས་ཆེད་མངགས་ཡོང་བ་ཞིག་རེད་འདུག
        འདི་གར་མ་ཡོང་གོང་ལས་རོགས་ཚོས་ཧྥན་ལི་ལ་འདྲི་མང་ཤོས་ཀྱི་སྐད་ཆ་ནི“ལའོ་ཧྥན། ང་ཚོར་སྤ་སེ་རག་གི་རེད་དམ”ཞེས་པ་དེ་ཡིན་པ་དང་འདི་གར་སྤ་སེ་ལེན་པར་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་མཐོང་སྐབས་ཧྥན་ལིའང་སེམས་ཁྲལ་བྱུང་ཡོད།
        “ཁྱེད་ཚོ་འདི་གར་སྤ་སེ་ལེན་པར་ཤོག”ལས་དོན་པ་ཞིག་གིས་ཧྥན་ལི་དང་ཁོང་གི་ལས་རོགས་ཚོ་ཁྲིད་དེ་སྒྲོམ་སྟེགས་ཀྱི་མདུན་དུ་སོང་། ལས་དོན་པའི་ལག་ནས་སྤ་སེ་བླངས་རྗེས་ཧྥན་ལི་ཡི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར། ལས་དོན་པ་དེས་སྐད་ཤུགས་ཆུང་ངུས“ཁྱེད་ཚོ་ཕ་ཡུལ་དུ་ཕྱིར་ལོག་བྱེད་སྐབས་རྡོག་ཁྲེས་མང་བས་ང་ཚོས་ཆེད་མངགས་གླ་པའི་ཆེད་སྤྱོད་བདེ་འཇགས་ཞིབ་བཤེར་བགྲོད་ལམ་དང་གླ་པའི་མེ་འཁོར་སྒུག་ཁང་བཙུགས་ཡོད་པས་སྟབས་ཧ་ཅང་བདེ་པོ་ཡོད”ཅེས་བཤད།
        “ང་ཚོ་ལྷ་སར་དངུལ་གསོག་པར་ལས་སླ་པོ་མེད། དེ་སྔ་ལོ་ལྟར་ཕ་ཡུལ་དུ་ཕྱིར་ལོག་བྱེད་སྐབས་མེ་འཁོར་སྤ་སེ་ཧབ་ཐོབ་རྒྱག་དགོས་ཀྱི་ཡོད། ན་ནིང་ང་ཚོའི་ལས་རོགས་ཤིག་ལ་སྤ་སེ་རག་མེད་སྟབས་འགྲུལ་སྐྱེལ་རླངས་འཁོར་ལ་ཉིན་ཤས་བསྡད་རྗེས་གཞི་ནས་ཕ་ཡུལ་དུ་འབྱོར་འདུག འདི་ལོ་སྦྲག་སྲིད་ཀུང་སིས་ཕ་ཡུལ་དུ་ཕྱིར་ལོག་བྱེད་པའི་མེ་འཁོར་སྤ་སེ་སྤྲད་པས་དེ་ནི་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྤ་སེ་ཞིག་རེད། དེས་ང་ཚོའི་ཁུར་པོ་ཡང་དུ་བཏང་བ་མ་ཟད། སྤྱི་ཚོགས་ཀྱིས་ང་ཚོར་ལྟ་རྟོག་བྱས་པ་ཞིག་དེ་བས་ཡིན་པས་ཚང་མ་བློ་ཡིད་ཚིམས་འདུག”ཅེས་སྤ་སེ་ལེན་ཟིན་པའི་ཧྥན་ལི་ཡིས་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར་ལག་གི་སྤ་སེ་སྟོན་བཞིན་བཤད།
        ཕ་ཡུལ་དུ་ལོག་རྒྱུ་སྒུག་བཞིན་པའི་ཧྥན་ལི་དང་འདྲ་བར་ལོ་ལྟར་ཟླ་11ནས་དཔྱིད་གསར་དུས་ཆེན་བར་ནི་བོད་དུ་གླ་པར་སྐྱོད་མཁན་ལས་མི་ཚོ་ཕ་ཡུལ་དུ་ལོག་མང་ཤོས་ཀྱི་དུས་ཚིགས་ཡིན་པས་ལམ་ཐག་རིང་པོ་ཡོད་སྟབས་མེ་འཁོར་ནི་ཁོང་ཚོས་ཐོག་མར་གདམ་ག་བྱེད་པའི་འགྲིམ་འགྲུལ་ཡོ་ཆས་སུ་གྱུར་ཡོད།
        “ལོ་ལྟར་ཕ་ཡུལ་དུ་ལོག་མང་བའི་དུས་སུ་མེ་འཁོར་སྤ་སེའི་དགོས་མཁོ་ཆེས་ཆེར་འཕར་བ་མ་ཟད། ལྷག་པར་དུ་ཁྲེང་ཏུའུ་དང་ཁྲུང་ཆིང་ཕྱོགས་སུ་སྐྱོད་མཁན་མེ་འཁོར་སྤ་སེ་རག་ཧ་ཅང་ཁག་པོ་ཡོད”ཅེས་མཚོ་སྔོན་ལྕགས་ལམ་ཀུང་སི་ལྷ་ས་ས་ཚུགས་ཀྱི་ཀྲེན་ཀྲང་གཞོན་པ་ཀྲའོ་ཧའེ་ལིང་གིས་བཤད། ཁོང་གིས་མི་སེར་ཚོར་སྤ་སེ་མ་རག་པ་མཐོང་སྐབས་ང་ཚོ་ལྕགས་ལམ་སྡེ་ཚན་གྱི་ལས་དོན་མི་སྣ་ཚོ་སེམས་ཁྲལ་ཆེན་པོ་འདུག འདི་ལོ་སྦྲག་སྲིད་ཀུང་སིས་ཚན་པ་ཁག་གཅིག་དང་མཉམ་དུ་མེ་འཁོར་སྤ་སེ་སྤྲོད་པའི་བྱེད་སྒོ་སྤེལ་བ་དེར་ང་ཚོ་ལྕགས་ལམ་སྡེ་ཚན་གྱིས་འཕྲལ་མར་དང་ལེན་ཧུར་ཐག་བྱས་ཏེ་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་སྐྱེལ་འདྲེན་བཀོད་སྒྲིག་གང་ལེགས་བྱས་ཏེ་ལྕགས་ལམ་གྱི་ཐོན་ཁུངས་ཡག་པོ་སྤྱད་ནས་སྤ་སེ་དཀོན་པའི་གནད་དོན་ཐག་གཅོད་ཀྱིས་བོད་དུ་གླ་པར་སྐྱོད་མཁན་ཚོའི་ཕ་ཡུལ་དུ་ལོག་དཀའ་བ་དང་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་དང་ཆབས་ཅིག་ལས་མི་སྐྱེལ་འདྲེན་དང་དུས་ཚིགས་རང་བཞིན་གྱི་སྐྱེལ་འདྲེན་ཐད་ཐོན་ཁུངས་སྤྱོད་མང་དུ་གཏོང་རྒྱུར་སྔར་བས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་སྐྱེལ་འདྲེན་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
        “ཕྱི་ནས་སླེབས་པའི་གླ་པ་ཚང་མ་ནི་གངས་ལྗོངས་ས་མཐོར་ལེགས་སྐྱེས་འབུལ་མཁན་འཛུགས་སྐྲུན་པ་ཤ་སྟག་ཡིན་པ་དང་ཚོགས་སྤྱི་དེ་རིགས་ཀྱིས་ལང་ཚོ་དང་། ཁྲག་དྲོན། སྟོབས་ཤུགས། བློ་རིག་བཅས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་རླབས་ཆེའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཡོད། འདི་ལོ་ང་ཚོ་བོད་ལྗོངས་སྦྲག་སྲིད་ཀུང་སིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། སྤྱི་ཁྱབ་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབུལ་སྐྱོར་གཞུང་ལས་ཁང་། མཚོ་བོད་ལྕགས་ལམ་ཀུང་སི་བཅས་དང་མཉམ་དུ་མ་དངུལ་སྒོར་ཁྲི་60ལྷག་ཙམ་གྲབས་གསོག་བྱས་ཏེ་ལྷ་ས་ནས་ཁྲེང་ཏུའུ་བར་དང་ཁྲུང་ཆིང་བར་གྱི་མེ་འཁོར་སྤ་སེ་བསྡོམས་1764སྤྲད་པ་མ་ཟད་ད་དུང་མེ་འཁོར་སྤ་སེ་རག་པའི་གླ་པ་ཚོར་ལག་རྟགས་རེ་གྲ་སྒྲིག་བྱས་ནས་བོད་དུ་ལས་ཀ་དང་འཚོ་བ་སྐྱེལ་བཞིན་པའི་གླ་པ་ཚོ་བདེ་བླག་ངང་ཕ་ཡུལ་དུ་ལོག་ཐུབ་པར་བྱས་ཏེ་ནང་མི་མཉམ་འཛོམས་ཀྱི་དྲོ་སྐྱིད་ཚོར་བར་བྱས་ཡོད”ཅེས་བོད་ལྗོངས་སྦྲག་སྲིད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་པུར་ལིན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།