འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འདུ་ཤེས་བསྒྱུར་ནས་ལམ་བུ་གསར་པའི་ཐོག་བསྐྱོད་པ། 

    —— བོད་ལྗོངས་ཀྱི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་དངོས་བྲིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         2016ལོར་བོད་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་14.7དབུལ་སྒྲོལ་ཐུབ་པ་དང་། འདི་ལོའི་ཟླ་11ཚེས་1ཉིན་བོད་ལྗོངས་གྲོ་མོ་རྫོང་སོགས་ས་ཁུལ་དང་རྫོང་5ཡི་དབུལ་ཞྭ་ཕུད་ཡོད།
         རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཡིན་པའི་བོད་ལྗོངས་སྤྱི་ཡོངས་ནས་སྔར་བཞིན་ཤིན་ཏུ་དབུལ་པོར་གནས་པ་དང་ཡོངས་རྫོགས་དབུལ་སྒྲོལ་ཡོང་བའི་ལས་འགན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་འོག་2016ལོ་ནས་བཟུང་བོད་ཀྱིས་རྩེ་རིམ་ཇུས་འགོད་དང་། ཐོན་ལས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོ་སོགས་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་གནད་སྨིན་དབུལ་སྐྱོར་བྱས་པར་གངས་ལྗོངས་ས་མཐོར་དབུལ་སྒྲོལ་གྱི་སྐྱ་མདའ་བཏང་ཡོད།
        དབུལ་སྐྱོར་ཆེན་པོའི་བཀོད་པ་ཆགས་པ།
        བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་ཐབས་ཇུས་དོན་འཁྱོལ་དང་། ད་བརྒལ་གྱི་བྱེད་ཐབས་སྤྱོད་པ། འཕར་ཆིན་རྒྱག་པའི་སྙིང་རུས་འདོན་པ་བཅས་བྱས་ཏེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
        ཡོང་འབབ་གསོག་པའི་ཐབས་ལམ་རྐྱང་པ་དང་རང་ངོས་ཀྱི་དབུལ་སྒྲོལ་ནུས་པ་ཞན་པ་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ནས་བོད་ལྗོངས་ཀྱིས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བ་དང“རིམ་ལྔའི་ཧྲུའུ་ཅིས”དོན་འཁྱོལ་དམ་འཛིན་བྱེད་པ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་པུའུ་བཙུགས་ཡོད། ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་14.9དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་59ལ་དམིགས་ནས་བོད་ཀྱིས་ཁྱད་པར་ལྡན་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་སྲིད་ཇུས་མ་ལག་དང་། ཞིབ་ཕྲའི་བྱེད་ཐབས། གཞི་རིམ་གྱི་དམངས་འཚོ་སོགས་ཐད་རིམ་བཞིན་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་སུ་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་ཆེན་པོའི་བཀོད་པ་བསྐྲུན་པ་རེད།
        དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བ་ནས་བཟུང་བོད་ཀྱིས་དབུལ་སྐྱོར་དང་འབྲེལ་བ་ཡོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་47བཟོས་པ་དང་། “ཁག་གཅིག་རེ་ལྔའི”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་སྟེ། ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཁག་གཅིག་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོ་བྱས་ནས་དབུལ་སྒྲོལ་ཁག་གཅིག་བྱེད་པ། སྣོད་བཅུད་ཁ་གསབ་སྤྲད་དེ་དབུལ་སྒྲོལ་ཁག་གཅིག་བྱེད་པ། སློབ་གསོ་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཁག་གཅིག་བྱེད་པ། སྤྱི་ཚོགས་འགན་སྲུང་མཐའ་སྐྱོང་བྱས་ནས་དབུལ་སྒྲོལ་ཁག་གཅིག་བྱེད་པ་བཅས་རེད། “ཆུ་དང་། གློག ལམ། ཆ་འཕྲིན། དྲ་བ་བཅས་དང་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། འགན་བཅོལ་བཅས”ཀྱི་རིམ་སྤོར་འདུ་འགོད་ཁག་བཅུ་ལག་ལེན་བསྟར་ནས་མ་འཇོག་བསྡོམས་སྒོར་དུང་ཕྱུར་2300ཙམ་འཆར་འགོད་བྱས་པ་དང་ལོ་སྟོད་དུ་རྣམ་གྲངས་5367ལག་བསྟར་བྱས་པར་མ་འཇོག་བསྡོམས་སྒོར་དུང་ཕྱུར་717ལྷག་ཙམ་ཟིན་པ་རེད།
        འདི་ལོའི་ཟླ་8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བའི་ཚོགས་འདུའི་ཐོག་2016ལོར་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དམག་འཐབ་ཐེངས་དང་པོར་རྒྱལ་ཁ་ཐོབ་ནས་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་ཁྲོད་ཕྱོགས་བསྡུས་གདེང་འཇོག་བཟང་པོ་ཐོབ་ཡོད། འོན་ཀྱང་ངེས་པར་དུ་མཐོང་དགོས་པ་ཞིག་ནི་བོད་ཀྱི་དབུལ་ཕོངས་གཞི་ཁྱོན་ཧ་ཅང་ཆེ་བ་དང་དབུལ་ཚད་ཟབ་པས་ངེས་པར་དུ་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མཉམ་ཤུགས་བཏོན་ནས་འགག་སྒྲོལ་བྱེད་དགོས་ཀྱི་ཡོད།
        བསམ་ཕྱོགས་གསར་གཏོད་བྱས་ཏེ་ཐོན་ལས་སྟོབས་ཆེར་བཏང་བ།
        ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པའི་རྩ་བའི་ཐབས་ཇུས་ཡིན་ཞིང་། 2016ལོ་ནས་བཟུང་། བོད་ཀྱིས་འཕེལ་རྒྱས་བསམ་ཕྱོགས་གསར་གཏོད་དང་མ་དངུལ་མཉམ་བསྡུའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་བཏོན་ནས་ལེགས་ལྡན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཡུལ་སྐོར་རིག་གནས་ཐོན་ལས་དང་། ཁྱད་ལྡན་ཞིང་འབྲོག་ལས། ནུས་རྒྱུ་གཙང་མའི་ལས་རིགས། རང་བྱུང་འཐུང་ཆུའི་ལས་རིགས་སོགས་སྐྱེད་སྲིང་བྱས་པ་རེད།
        ཐུམ་སྒྲིལ་དཀར་པོ་100ལྷག་ཙམ་གྲལ་སྟར་འགྲིག་པོས་སྤུངས་པ་དང་རྩྭ་མུ་ཤུད་ཀྱི་དྲི་ཞིམ་འཐུལ་འོངས། གྲོང་མི་ཚོས་བྲེལ་བརྩོན་ཆེན་པོས་འཕྲུལ་ཆས་ལ་བརྟེན་ནས་རྩྭ་རྔ་བ་དང་ཆག་པ་སྡོམ་བཞིན་པ་ནི་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་ནས་མཐོང་བའི་རྣམ་པ་ཡིན་ཞིང་། གྲོང་མི་ཚོས་ལས་བྲེལ་ཆེན་པོས་ནག་ཆུར་གཟན་རྩྭ་ཏུན་ཁྲི་1.5ཕྱིར་ཚོང་བྱེད་རྩིས་ཡོད་པ་རེད།
        གཞིས་རྩེར“བོད་ཀྱི་འབྲུ་མཛོད”ཅེས་བརྗོད་པ་དང་རྨོ་ཞིང་དང་རྩྭ་རའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་39%དང16%སོ་སོར་བཟུང་ནས་གཅིག་སྡུད་ཡུག་སྦྲེལ་གསར་སྤེལ་བྱེད་ཆོག་པའི་རྩ་འདེབས་རྒྱུར་འཚམ་པའི་ཐང་ཞིང་མང་པོ་ཡོད། འདི་ལོ་ནི་བོད་ལྗོངས་ཀྱིས་གཞི་ཁྱོན་ཆེན་པོས་ལྷོ་རྒྱུད་ཞིང་ཁུལ་ནས་བྱང་རྒྱུད་འབྲོག་ཁུལ་དུ་རྩྭ་ཕྱིར་ཚོང་ཐེངས་དང་པོ་བྱས་པ་དེས་རྩྭ་ཕྱུགས་གཞི་གཅིག་ཅན་འཕེལ་རྒྱས་གཏོང་འགོ་ཚུགས་པ་རེད།
        གྲོང་མི་ཚོས་རྩྭ་རྔ་ཞོར་དུ་སྤྲོ་སྣང་དོད་པའི་གླུ་དབྱངས་ལེན་བཞིན་མཆིས། “ང་ཚོས་ཞོགས་པའི་ཆུ་ཚོད་8པ་ནས་ཕྱི་དྲོའི་ཆུ་ཚོད་6པ་བར་རྩྭ་བརྔས་པར་མི་རེར་ཉིན་རེར་ཡོང་འབབ་སྒོར་130ལྷག་ཙམ་ཡོང་གི་ཡོད་སྟབས་ངལ་བའང་ཚོར་གྱི་མི་འདུག”ཅེས་ལོ་26ལ་སླེབས་པའི་བསོད་ནམས་ཀྱིས་བཤད་པ་དང“སྔོན་ཆད་གྲོང་ཚོ་དེ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཕལ་ཆེ་བ་ནག་ཆུ་སོགས་ས་བབ་མཐོ་བའི་ས་ཁུལ་དུ་ཁང་པ་རྒྱག་པར་འགྲོ་གི་ཡོད”ཅེས་བཤད།
        ཨེ་མ་ཤང་གི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་འགོ་གཙོ་ལབ་བརྩོན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་འགྱུར་ལེགས་ཀྱིས“ཤང་ལ་གྲོང་ཚོ་8དང་དུད་ཚང་1030ཞུགས་པའི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་མཉམ་ལས་མཉམ་འབྲེལ་ཁང་བཙུགས་ནས་གཞོན་ནུ་དང་དར་མར་ཉིན་ལྟར་ཡོང་འབབ་སྒོར་100ལེན་རྒྱུ་ཡོད་སྟབས་རྒྱུན་སྲིང་གི་ཡོང་འབབ་འབྱུང་ཁུངས་ཡོད”ཅེས་བཤད།
        རྩྭ་ཕྱུགས་གཞི་གཅིག་ཅན་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ལྗོངས་ཀྱི་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་སྒྱུར་བཅོས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། “འདི་ལོའི་ལོ་འགོར་བྱེ་ཐང་མུའུ་ཁྲི་5ཙམ་ཁོད་སྙོམས་པ་དང་ཚད་གཞི་མཐོ་བའི་མི་ཐབས་ལ་བརྟེན་པའི་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་5.8བསྐྲུན་ཡོད། མཉམ་ལས་མཉམ་འབྲེལ་ཁང་གིས‘ཚན་རྩལ་+མཉམ་ལས་ཁང་+རྟེན་གཞི+ ཞིང་དུད’ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་དེ་མི་འབོར་དབུལ་པོ་6500ལྷག་ཙམ་སྐུལ་ཁྲིད་བྱས་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1700ཡན་ཟིན་ཡོད”ཅེས་རྣམ་གླིང་རྫོང་གི་རྫོང་དཔོན་གཞོན་པ་བློ་ཚེས་བཤད།
        གཞིས་རྩེས་རྩྭ་ཆུང་ཐོན་ལས་ཆེན་པོར་རིམ་བཞིན་གྱུར་ནས་ཞིང་འབྲོག་པ་རྩྭའི་ཐོན་ལས་ཀྱི་ལས་བཟོར་གྱུར་པར་བྱས་པ་དང་། རྩྭ་ལས་ཀྱིས་གསོ་ཚགས་ལས་རིགས་དང་ལས་སྣོན་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་བཏང་ཡོད།
        བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས“ང་ཚོས་དབུལ་སྐྱོར་གསར་སྤེལ་མ་འཇོག་ཀུང་སི་དང་ཐོན་ལས་ཉེན་ཁའི་ཁ་གསབ་ཐེབས་རྩ་ལས་སྟེགས་སུ་བརྩིས་ནས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2016ལོ་ནས་འདི་ལོའི་ཟླ་10པའི་ཟླ་མཇུག་བར། ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་1555འཛུགས་སྐྲུན་ལས་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར་188དོན་འཁྱོལ་བྱས་པ་དང་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་ནས་མི་འབོར་དབུལ་པོ་ཁྲི་11ཐད་ཀར་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱིས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་མི་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུ་རེད”ཅེས་བཤད།
        ཡུལ་གཞན་དུ་གནས་སྤོ་བྱས་ཏེ་ཐབས་ལམ་གསར་པ་བཏོད་པ།
        བོད་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་དཀའ་གནད་ཆེ་ཤོས་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་རེད།
        “དབུལ་པོའི་གནས་ལས་སྤོ་བ”དང“དབུལ་པོའི་ལས་རིགས་བརྗེས་ཚེ”གཞི་ནས“དབུལ་པོའི་རྩ་བ་འགོག་པ”དང“ལས་ཞུགས་བརྟན་པོ”ཐུབ་སྲིད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་མང་ཚོགས་ཁྲི་26.3དབུལ་སྐྱོར་གནས་སྤོ་བྱེད་རྩིས་ཡོད་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་59ཡི་44.6%བཟུང་ཡོད།
        འདི་ལོའི་དབྱར་ཁ་ཆར་ཆུ་འབབ་ཤུགས་ཆེ་བས་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་7700བཏང་ནས་ཁོང་གནས་སའི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་བུ་ཕ་གྲོང་ཚོ་ཡུལ་གཞན་དུ་གནས་སྤོ་བྱས་སྟབས་ལོ་54ལ་སླེབས་པའི་ནོར་བུར་ཉེན་ཁ་ལས་ཐར་བའི་མྱོང་ཚོར་བྱུང་ཡོད།
         དེ་སྔ་བུ་ཕ་གྲོང་ཚོར་བསྡད་ཚེ་བློ་ཁོག་ལ་ཚོད་བགམ་བྱེད་པ་ལྟར་ཡིན་ཞིང་། བུ་ཕ་གྲོང་ཚོ་དེ་སྔའི་ཚ་བ་རོང་ཤང་ཁོངས་སུ་ཡིན་པ་དང་རྒྱལ་མོ་རྔུལ་ཆུའི་གཡང་སར་གནས་ཡོད་པས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནས་ཚུལ་ཐོན་མང་བ་དང་གཞུང་ལམ་ཤར་གཏོང་ཐུབ་མེད། “རྨོ་ཞིང་རི་སྐེད་དུ་ཆགས་སྟབས། ཕར་འགྲོ་ཚུར་འོང་བྱེད་པར་ཉུང་མཐར་ཡང་ཆུ་ཚོད་4ལྷག་ཙམ་འགོར་གྱི་ཡོད། གཡང་སར་སྟོན་བསྡུ་བྱེད་སྐབས་ཆར་པ་བབས་ཚེ་གྲོང་མིས་ཕུར་པ་བཙུགས་ནས་སྐེད་པར་ཐག་པ་འདོགས་དགོས་ཀྱི་ཡོད”ཅེས་ནོར་བུས་དྲན་གསོ་བྱེད་བཞིན་བཤད།

    བུ་ཕ་གྲོང་ཚོ་2015ལོར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་གནས་སྤོས་བྱས་པ་དང་། ཁྱོན་དུད་ཚང་63དང་མི་363ཡོད། གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། འདྲུད་འཐེན་འཁོར་ལོས་གྲོང་ཚོའི་ཆུ་འགྲམ་དུ་ས་རྒོད་བསློགས་ནས་ཞིང་ཁ་བཟོས་ཡོད། གསར་འགོད་པ་གྲོང་མི་ཨ་ཏིའི་ཁྱིམ་དུ་སྐྱོད་སྐབས་རྒྱ་ཆེ་བའི་སྒོ་རར་སྤང་སྔོ་ཐིང་ངེར་བཏབ་པ་དང་། ཐབ་ཚང་དང་ཚོམས་ཆེན་སོགས་ཚང་མ་བོད་བཟོའི་རྣམ་པ་བཟོས་ཡོད་པ་མཐོང་བྱུང་།
        གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དངོས་གྲུབ་ཀྱིས“ད་ཆ་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ས་ཞིང་མུའུ་གཉིས་ཡན་ཡོད་པར་ལོ་རེར་འབྲས་བུ་ཐེངས་གཉིས་བསྡུ་གི་ཡོད། གྲོང་མིས་རི་སྟེང་དུ་སྨན་རྩྭ་འགོག་པར་སྐྱོད་ཀྱི་ཡོད་པ་མ་ཟད། ད་དུང་ཕྱིར་གླ་པ་བྱེད་པར་སྐྱོད་ཀྱི་ཡོད། རྫོང་གིས་ཞིང་ལས་དང་དེ་བཞིན་སྔོ་ཚལ་འདེབས་འཛུགས་དང་འདམ་ཞལ་བ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་མང་གཉེར་ནས་གྲོང་ཚོ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཚང་མར་ཁྱབ་ཡོད”ཅེས་བཤད།
        བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཐེ་ཆང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་གཅིག་སྡུད་ཁུལ་ཟུང་འབྲེལ་བྱས་ཏེ་ལྗོངས་ཡོངས་སུ་2016ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་353བཀོད་སྒྲིག་བྱས་པར་མི་ཁྲི་7.7གནས་སྤོས་པ་དང་། འདི་ལོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་417བཀོད་སྒྲིག་བྱས་པར་མི་ཁྲི་16.3གནས་སྤོ་བྱ་རྒྱུ་རེད། 10པའི་ཟླ་མཇུག་བར་མ་དངུལ་སྒོར་དུང་ཕྱུར150ལྷག་ཙམ་དོན་འཁྱོལ་བྱས་ནས་མི་ཁྲི་8ཙམ་གནས་སྤོས་ཡོད་ཅེས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་། 
      

    ཕྱོགས་བསྡུས་གསར་འགྱུར།