འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འཕེལ་རྒྱས་དང་བརྟན་ལྷིང་བྱུང་བ་ལས་ཨ་རི་དང་འཛམ་གླིང་ལ་ཕན་པ་ཐོབ་ཡོད་
    ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། ཨ་རིའི་ཧ་ཕུའུ་ཇུས་འདོན་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་དེ་སྔའི་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་ཡི་གྲོས་ཚོགས་གོང་མའི་གྲོས་མི་པའོ་པོ ·ཧ་ཧྥུའུ་ཡིས་ཚེས་4ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོ་འཕེལ་རྒྱས་དང་བརྟན་ལྷིང་བྱུང་བ་ལས་ཨ་རི་དང་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་ཡོད”ཅེས་བརྗོད།
         ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཀྲུང་གོར་འཚམས་འདྲིར་མ་ཕེབས་གོང་ཧ་ཧྥུའུ་ཡིས“དུས་རབས་གོང་མའི་ལོ་རབས་70པར་སྐབས་དེ་དུས་ཨ་རིའི་ཙུང་ཐུང་གི་འགན་བཞེས་མཁན་ཉི་ཁེ་སུང་ཀྲུང་གོར་འཚམས་འདྲིར་ཕེབས་རྗེས་རྒྱལ་ཁབ་གཉིས་པོའི་དབར་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད། དེ་རྗེས་ཀྲུང་གོ་འཕེལ་རྒྱས་དང་བརྟན་ལྷིང་བྱུང་བ་ལས་ཨ་རི་དང་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་ཁབ་འདི་གཉིས་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་རིག་གནས་དང་ཆབ་སྲིད་ཀྱི་ཧེ་བག་ལ་བརྩི་འཇོག་བྱེད་དགོས་ཞེས་བརྗོད།
         ཧ་ཧྥུའུ་ཡིས“རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འདི་ལོ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཐེ་རོན་ཕུ་ཡིས་ཙུང་ཐུང་གི་གོ་གནས་བཞེས་ནས་ཡུན་རིང་མ་སོང་བར་ཞལ་འཛོམས་གནང་ཡོད། དེ་རྗེས་སླར་ཡང་ལྷན་དུ་ཉིན་བརྒྱའི་འཆར་གཞི་བཏོན་གནང་བ་དང་འབྲེལ་དེ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད”ཅེས་བརྗོད་པ་དང་། ཁོང་གིས“མཉམ་ལས་ལ་རིམ་བཞིན་སྐུལ་འདེད་ཐེབས་བཞིན་ཡོད། ང་ཚོས་དགེ་མཚན་ལྡན་པའི་བྱ་སྤྱོད་མང་པོ་མཐོང་བྱུང་བས་ང་རང་ལ་སྐུལ་ལྕག་ཚད་མེད་ཐེབས་བྱུང”ཞེས་བརྗོད།
         ཧ་ཧྥུའུ་ཡིས་ཀྱང་ཟླ་འདིའི་ཚེས་19ཉིན་ཀྲུང་གོར་འཚམས་འདྲི་གནང་རྒྱུ་ཡིན་ཞིང་། ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་དང་ལྷག་དོན་དུ་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་དང་ཀྲུང་གོའི་དབར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ངས་སྤྲོ་སྣང་ལྡན་པའི་རྣམ་འགྱུར་འཛིན་གྱི་ཡོད་ཅེས་བརྗོད།
         ཀྲུང་གོ་དང་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་ཡི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་ཅིང་། ཨ་རིའི་ཚོང་དོན་པུའི་བསྡོམས་རྩིས་ལ་གཞིགས་ན། 2016ལོར་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་དང་ཀྲུང་གོའི་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1584.3ཟིན་ནས་ཨ་རི་ཡོངས་ཀྱི་ཀྲོའུ་ཁག་གི་ཨང་དང་པོར་སླེབས་ཡོད། ཀྲུང་གོ་ནི་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་ཡི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཨང་དང་པོ་དང་། ནང་འདྲེན་ཡོང་ཁུངས་ཆེ་ཤོས། ཕྱིར་གཏོང་ཁྲོམ་ར་གལ་ཆེན་བཅས་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་གྱི་ཉོ་ཚོང་དང་མ་འཇོག་གིས་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་ལ་ལས་ཀའི་གོ་སྐབས་དང་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བསྐྲུན་ཡོད།
          ཧ་ཧྥུའུ་ཡིས་ཀྲུང་གོས་ང་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་དེའི་ལོ་རྒྱུས་རིང་པོ་དང་། སློབ་གསོར་མཐོང་ཆེན་བྱེད་མཁན་མི་དམངས་དང་དེ་བཞིན་རླབས་ཆེན་གྱི་རིག་གནས་ཤུལ་བཞག་རེད་ཅེས་བརྗོད། ཁོང་གིས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་པ་ནས་བཟུང་ད་བར་ལོ་20ཕྱིན་ཞིང་། དེའི་རིང་ཀྲུང་གོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཕོ་འགྱུར་བྱུང་ཡོད་ཅིང་། ཁོང་གིས“ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་དང་ཀྲུང་གོའི་དབར་གྱི་ཉོ་ཚོང་སྤེལ་རེས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།