འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོ་ལས་དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་དངོས་ཚན་དཔལ་འབྱོར་
    གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་《“དྲ་སྦྲེལ+སྔོན་ཐོན་བཟོ་སྐྲུན་ལས་རིགས”འཕེལ་རྒྱས་གཏིང་ཟབ་བཏང་ནས་བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བསམ་འཆར་》ལ་གྲོས་འཆམ་བྱུང་ནས་དངོས་ཚན་དཔལ་འབྱོར་དར་རྒྱས་དང་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། བཟོ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས་བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་དམིགས་ཡུལ་ནི་དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་བསྲེས་གཏིང་ཟབ་བྱ་ཆེད་ཡིན་པ་དང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། བཟོ་འཕྲིན་པུས་ལས་སྟེགས་འཛུགས་སྐྲུན་དང་ཐོན་ལས་སྣོད་བཅུད་འཛུགས་མགྱོགས་སུ་གཏོང་རྒྱུ་སོགས་ཐད་ནས་བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
         ཆུང་ས་ནས་བཤད་ན་གྱོན་གོས་མངགས་བཟོ་དེ་གྲངས་གཞི་ཆེ་མོ་བརྒྱུད་གནད་སྨིན་མཁོ་སྤྲོད་ཐུབ་པ་དང་ཆེ་ས་ནས་བཤད་ན་ཁེ་ལས་ལ་བརྒྱུད་རིམ་ཧྲིལ་པོའི་གཉེར་སྐྱོང་དོ་དམ་བྱེད་ཐུབ། བཟོ་ལས་དྲ་སྦྲེལ་ཉིད་རྨང་གཞིའི་སྒྲིག་བཀོད་གསར་པ་དང་བཟོ་སྐྲུན་ལས་རིགས་མཉམ་བསྲེས་གཏིང་ཟབ་ཐུབ་པ་བྱས་ནས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་བཟོ་ལས་དྲ་སྦྲེལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུ་ནི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་རེད།
         ཚོགས་འདུའི་ཐོག་བཟོ་ལས་དྲ་སྦྲེལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་ཕན་འདོགས་པའི་ཁོར་ཡུག་བཏོད་དེ་བཟོ་ལས་ཁེ་ལས་ཀྱི་ནང་ཁུལ་དྲ་བ་དང་ཕྱི་སྦྲེལ་དྲ་བ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྲིད་གཞུང་གིས་རྨང་གཞིའི་དྲ་རྒྱ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་བཟོ་ལས་དྲ་སྦྲེལ་ལ་བརྟེན་ནས་སྒོ་དབྱེ་དང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
         འཕེལ་རྒྱས་ཁོར་ཡུག་གཏོད་པའི་ཐད་ཚོགས་འདུའི་ཐོག་ཁྲོམ་རའི་བྱེད་པོ་འདྲ་མཉམ་ངང་ཞུགས་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་བསྟུན་མཁས་དང་གཟབ་ནན་ངང་ལྟ་སྐུལ་དོ་དམ་བྱེད་དགོས་པ་དང་། ནོར་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས་བུན་ལོར་ལག་བསྟར་བྱ་རྒྱུར་ལྕག་སྐུལ། རྐང་དབང་མ་རྩ་བསྡུ་སྒྲིལ་དང་སྤྱི་ཚོགས་ཀྱི་མ་དངུལ་གཏོང་བ། དངུལ་རྩའི་ཞབས་ཞུ་གསར་གཏོད་སོགས་བརྒྱུད། “དྲ་སྦྲེལ+སྔོན་ཐོན་བཟོ་སྐྲུན་ལས་རིགས”འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། ཚོགས་འདུའི་ཐོག་ད་དུང་བཟོ་སྐྲུན་ཐོན་ཁུངས་དང་གྲངས་གཞི་གཅིག་སྡུད་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་པ་རེད།
         བཟོ་ལས་དྲ་སྦྲེལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུ་དེ་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཚོགས་འདུའི་ཐོག་2020ལོར་སླེབས་སྐབས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ལ་ཕྱོགས་པའི་དུས་རབས་རྗེས་མའི་དྲ་སྦྲེལ་རིམ་སྤོར་སྒྱུར་བཀོད་དང་ལེ་ལག་ཚང་བའི་དོ་དམ་ནུས་པ་འཛུགས་སྐྱོང་བྱ་རྒྱུ་གཞི་རྩའི་ཐོག་ནས་ལེགས་སྒྲུབ་ཟིན་རྒྱུ་རེད། ཁེ་ལས་འབྲིང་ཆུང་གི་ཆེད་སྤྱོད་དྲ་རྒྱའི་འགྲོ་གྲོན་དམའ་རུ་དང་མྱུར་ཚད་མགྱོགས་སུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ཁྲིམས་སྲོལ་དང་། ཚད་གཞི། མཚོན་རྟགས་ཞིབ་འགྲེལ་སོགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།