འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནི་དུས་ནམ་ཡང་བློས་འགེལ་ཆོག་པའི་གྲོགས་པོ་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སི་ར་ལ་ཨོང་གི་ཙུང་ཐུང་ཁོ་ལུའོ་མས་ས་གནས་དེར་མཛའ་གྲོགས་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་གྲུ་གཟིངས་སྨན་ཁང་ནང་ཕེབས་པ་དང་འབྲེལ་གྲུ་གཟིངས་སྨན་ཁང་གིས་སི་ར་ལ་ཨོང་གི་དམངས་ཚོགས་ལ་རིན་མེད་ནད་བརྟག་སྨན་བཅོས་ཞབས་འདེགས་ཞུས་པར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་ཞི་བདེའི་གྲུ་གཟིངས་སྨན་ཁང་གི་སྨན་པ་དང་སྨན་གཡོག་གིས་དཀའ་སྤྱད་འབད་བརྩོན་བྱས་པར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་པ་རེད།
         ཧྥུ་རི་ཐོན་གྲུ་ཁར་ཁོ་ལུའོ་མས་སི་ར་ལ་ཨོང་དམག་དཔུང་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་སི་ར་ལ་ཨོང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཕེང་དང“ཞི་མཐུན་འགན་འཁྲི—2017”ལས་འགན་གྱི་བཀོད་འདོམས་པ་ཀོན་པོ་ལིན། ཆབ་སྲིད་ཨུ་ཡོན་ཅིན་དབྱི་སོགས་ཀྱི་ཕེབས་རོགས་འོག་ཞི་བདེའི་གྲུ་གཟིངས་སྨན་ཁང་ནང་གཟིགས་སྐོར་གནང་བ་རེད།
         དེའི་རིང་ད་དུང་ཁོང་གིས་གྲུ་གཟིངས་སྨན་ཁང་གི་མཚོ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། སྤྲོ་སྣང་ལྡན་པའི་སྒོ་ནས་གྲུ་གཟིངས་སྨན་ཁང་ལ་གཟིགས་སྐོར་གནང་བ། དམངས་ཚོགས་ཀྱིས་ནད་གཞི་བསྟེན་པར་གཟིགས་པ་དང་འབྲེལ་གྲུ་གཟིངས་སྨན་ཁང་ནང་གཤགས་བཅོས་བྱས་ཏེ་བསྡད་པའི་སི་ར་ལ་ཨོང་གི་ནད་པར་འཚམས་འདྲི་གནང་བ་རེད། ད་དུང་ཁོ་ལུའོ་མས་ཞི་བདེའི་གྲུ་གཟིངས་སྨན་ཁང་གི་སྨན་པ་དང་མཉམ་དུ་གྲུ་གཟིངས་སྨན་ཁང་ནང་སྐྱ་གྲིབ་ནད་ཀྱི་གཤགས་བཅོས་དང་ལེན་བྱེད་མཁན་ནད་པའི་རྨ་རས་དཀྲོལ་གནང་བ་རེད།
         གཟིགས་སྐོར་གནང་རིང་ཁོ་ལུའོ་མས་ཞི་བདེའི་གྲུ་གཟིངས་སྨན་ཁང་སླེབས་པ་དེས་སི་ར་ལ་ཨོང་གི་མི་དམངས་ལ་རེ་བ་ཁྱེར་ཡོད་པ་དང་ནད་པ་དེ་བས་མང་བར་ཚེ་སྲོག་གསར་པ་སྦྱིན་ཡོད་པས་སི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཞི་བདེའི་གྲུ་གཟིངས་སྨན་ཁང་གི་སྨན་པ་དང་སྨན་གཡོག་གིས་སི་ར་ལ་ཨོང་མི་དམངས་ལ་རིན་མེད་སྨན་བཅོས་ཞབས་འདེགས་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། “གྲུའི་ནང་གི་ནད་པ་ཚང་མས་རང་ཉིད་ཀྱི་མྱོང་བ་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་ཚོར་བཤད་ནས་སི་ར་ལ་ཨོང་གི་མི་དམངས་དེ་བས་མང་བས་ཀྲུང་གོའི་མི་དམངས་ཀྱི་མཛའ་སེམས་ཤེས་རྟོགས་ཐུབ་པ་བྱེད་དགོས”ཞེས་གསུངས་པ་རེད།
         ཁོ་ལུའོ་མས་ཞི་བདེའི་གྲུ་གཟིངས་སྨན་ཁང་སླེབས་པ་དེ་དུས་ལ་འཁེལ་ཡོད། སི་ར་ལ་ཨོང་གི་མི་དམངས་ལ་སྨན་བཅོས་ཞབས་ཞུ་དགོས་གལ་ཆེན་པོ་ཡོད། དེས་མ་ཚད་ཟླ་བརྒྱད་པའི་ཟླ་དཀྱིལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་མ་ཐག་ཡིན་པས་མི་མི་ཉུང་བ་ཞིག་ལ་རྨས་སྐྱོན་ཕོག་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོ་ནི་དུས་ནམ་ཡང་སི་ར་ལ་ཨོང་གི་བློས་འགེལ་ཆོག་པའི་གྲོགས་པོ་ཡིན། སི་ར་ལ་ཨོང་ལ་ཨའེ་པོ་ལའི་རིམས་ནད་ཀྱི་གནོད་འཚེ་ཕོག་པའི་སྐབས་སུ་ཀྲུང་གོས་དང་ཐོག་རོགས་སྐྱོར་བྱས་བྱུང་། ཟླ་བ་གོང་མའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་སྐབས་སུ་ཡང་ཀྲུང་གོས་དང་ཐོག་རོགས་སྐྱོར་བྱས་བྱུང་། ཀྲུང་གོས་རྟག་ཏུ་དུས་ཐོག་ཏུ་རོགས་སྐྱོར་བྱེད་ཀྱི་ཡོད་པས་སི་ར་ལ་ཨོང་གི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་རེད།
         དམག་དཔུང་གཉིས་པོའི་འབྲེལ་བའི་སྐོར་གླེང་སྐབས་སི་ར་ལ་ཨོང་གི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དམག་སྤྱི་ཡིན་པའི་ཁོ་ལུའོ་མས་ཞི་བདེའི་གྲུ་གཟིངས་སྨན་ཁང་ནི་འབྲེལ་ཟམ་ཞིག་ཡིན་པའི་ཆ་ནས་དམག་དཔུང་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས་པ་དང་། ད་དུང་ཁོང་གིས“སི་ར་ལ་ཨོང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞི་བདེའི་གྲུ་གཟིངས་སྨན་ཁང་གང་མགྱོགས་སླར་ཡང་ཡོང་རྒྱུའི་རེ་བ”ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།