འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི"ཁྲོན་བོད་ཕུག་ལམ་དང་པོའི"
    ཨར་ལ་རི་བོའི་ཕུག་ལམ་རིང་ཤོས་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། ཁྲེང་ཏུའུ་ཕིང་ཡོན་ནས་དཀར་མཛེས་བོད་རིགས་ས་ཁུལ་དུ་བསྐྱོད་པའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧ་ཅང་རིང་པོ་དང་པོ“ཁྲོན་བོད་ཀྱི་ཕུག་ལམ་དང་པོ”ཞེས་བརྗོད་པའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨར་ལ་རི་བོའི་ཕུག་ལམ་ཧ་ཅང་རིང་པོ་ཉིན་ཤས་གོང་བདེ་བླག་ངང་ཏལ་འབིགས་ཐུབ་པ་དེ་ཐོག་ནས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལམ་ཐིག་ཡོངས་ཀྱི“ཟམ་གཅིག་ཕུག་གཅིག”གི་ཚོད་འཛིན་རང་བཞིན་གྱི་གཙོ་གནད་ལས་གྲྭའི་ཁྲོད་ཀྱི“ཕུག་གཅིག”འཛུགས་སྐྲུན་ལ་འགག་རྩའི་འཕེལ་རྒྱས་བྱུང་བ་མཚོན་པ་རེད།
         གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཛུགས་སྐྲུན་ཟིན་རྗེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད།
         སི་ཁྲོན་གཞུང་ལམ་ཇུས་འགོད་ཁང་གི་མཐོ་རིམ་བཟོ་བཀོད་པ་ཨར་ལ་རི་བོའི་ཕུག་ལམ་ཇུས་འགོད་འགན་ཁུར་བ་ཀྲེན་ཅན་གོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཨར་ལམ་རི་བོ་ནི་སི་ཁྲོན་གཤོང་ས་ནས་མཚོ་བོད་ས་མཐོར་བསྐྱོད་པའི་འགག་འཕྲང་སྲུང་ཡོལ་དང་པོ་ཡིན་པ་དང་། ཨར་ལ་རི་བོའི་ཕུག་ལམ་ཧ་ཅང་རིང་པོ་ནི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགག་གནད་ཡིན་པས་ཕུག་ལམ་ལ་རིང་ཚད་སྤྱི་ལེ་13.4དང་། གཏིང་རིང་ཤོས་སྨི་1500ལྷག་ཙམ། གས་སྲུབས་12དང་། ས་རིམ་11 བྲག་རིགས་12བཅས་བརྒྱུད་དགོས་པས་ཇུས་འགོད་དང་ཨར་སྐྲུན་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད་པ་རེད།
         ཨར་ལ་རི་བོར་ཕུག་ལམ་བཟོ་རྒྱུ་ནི་ཀྲུང་གོ་བ་མི་རབས་ཁ་ཤས་ཀྱི་ཕུགས་འདུན་ཡིན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་བཅིངས་འགྲོལ་དམག་མིས་ཚེ་སྲོག་སྐྱེས་སུ་ཕུལ་ནས་སྐྲུན་པའི་ཁྲོན་བོད་ལམ་ཐིག་ནི་ཨར་ལ་རི་བོའི་འོབས་དོང་བརྒལ་དགོས་ཀྱི་ཡོད། 2001ལོར་རི་བོ་དེའི་རི་སྐེད་དུ་ཆགས་པའི་རྒྱལ་ལམ་318ལམ་ཐིག་གི་ཨར་ལམ་རི་བོའི་ཕུག་ལམ་ཕྱོགས་ཡོངས་ནས་སྐྲུན་ཟིན་པ་དང་རླངས་འཁོར་ཤར་གཏོང་ཐུབ་ནས་དེ་སྔའི་ལམ་དུམ་བུ་ལས་ལམ་ཐག་སྤྱི་ལེ་25ཐུང་དུ་ཕྱིན་པ་དང་། ལམ་བར་བསྐྱོད་པའི་དུས་ཡུན་ཆུ་ཚོད་3ཐུང་དུ་ཕྱིན་ནས་རླངས་འཁོར་ཤར་གཏོང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེས་ཆེར་ཆུང་དུ་སོང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཨར་ལམ་རི་བོའི་ཕུག་ལམ་གསར་པ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་དཀར་མཛེས་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཆེས་ཆེར་འགྲོ་རྒྱུ་ཡིན་པ་དེའི་ས་བབ་རྒྱལ་ལམ་318ལམ་ཐིག་གི་ཨར་ལམ་རི་བོའི་ཕུག་ལམ་ལས་སྨི་700ཙམ་གྱིས་དམའ་བ་ཡོད་པས་དགུན་དུས་འཁྱགས་པ་ཐེབས་པའི་སེམས་ཁྲལ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་པའི་སེམས་ཁྲལ་སེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།