འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་མཆོག་གིས་སྣེ་ཁྲིད་སྲོལ་གཏོད་གནང་བའི"གཞོན་ནུའི་བོད་ལྗོངས་རིག་རྩོམ་ཆེད་
    སྤྱོད་ཐེབས་རྩ"བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 08:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་མཆོག་གིས་སྣེ་ཁྲིད་སྲོལ་གཏོད་གནང་བའི'གཞོན་ནུའི་བོད་ལྗོངས་རིག་རྩོམ་ཆེད་
སྤྱོད་ཐེབས་རྩ'བཙུགས་པ།
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྣེ་ཁྲིད་སྲོལ་གཏོད་གནང་བའི"གཞོན་ནུའི་བོད་ལྗོངས་རིག་རྩོམ་ཆེད་སྤྱོད་ཐེབས་རྩ"ཟླ་9ཚེས་24ཉིན་པན་ཆེན་རིམ་བྱོན་གྱི་གདན་ས་ཆེན་པོ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་བཙུགས་པ་རེད།
        "གཞོན་ནུའི་བོད་ལྗོངས་རིག་རྩོམ་ཆེད་སྤྱོད་ཐེབས་རྩ"ནི་དེང་དུས་རྒྱལ་ཡོངས་སུ་དམངས་ཀྱིས་ལས་འབྱེད་དང་ཀུན་གྱིས་གསར་གཏོད་ཞེས་པ་སྤེལ་བའི་རྒྱབ་ལྗོངས་འོག་བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་བོད་ལྗོངས་རྒྱང་ལྟ་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་གསར་འཛུགས་དང་དོ་དམ་བྱེད་པ་དང་། དམིགས་ཡུལ་ནི་བོད་ལྗོངས་ཀྱི་གཞོན་ནུ་ཚོས་རིག་རྩོམ་དང་རིག་གནས་ཐད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་བར་བསྔགས་སྐུལ་དང་ཡིད་འགུགས་བྱས་ནས་རིག་རྩོམ་གྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལྗོངས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་སྲིད་གཞུང་གི་བློ་འདྲི་ས་སྐལ་བཟང་ཚེ་རིང་གིས་ཐེབས་རྩ་འདི་ཉིད་གསར་དུ་བཙུགས་པ་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་ཐོན་ལས་བཅས་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་ཡིན་ལ། མི་རིགས་ཁག་གི་གཞོན་ནུའི་བར་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་སྤེལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཆེད་སྤྱོད་ཐེབས་རྩ་འདི་ཉིད་བཙུགས་པ་དེས་ད་དུང་རྒྱལ་ཁབ་དང་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་དང་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱ་རྒྱུར་དགེ་མཚན་ལྡན་པའི་སྐུལ་སྤེལ་གྱི་ནུས་པ་ཐོན་རྒྱུ་རེད་ཅེས་བསྟན་པ་རེད།
         པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཆེད་སྤྱོད་ཐེབས་རྩ་འདི་ཉིད་འཛུགས་པའི་མཆན་འགོད་མཛད་སྒོའི་ཐོག"གཞོན་ནུའི་བོད་ལྗོངས་རིག་རྩོམ་ཆེད་སྤྱོད་ཐེབས་རྩ"བཙུགས་པ་དེས་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་འོད་སྟོང་འཕྲོ་བའི་མུ་ཏིག་ཅིག་སྟེ"བོད་ཀྱི་རིག་གནས"ལ་སྐྱེ་སྟོབས་གསར་པ་བསྐྱེད་རྒྱུ་རེད། གཞོན་ནུ་མི་རབས་ཀྱི་སྤྲོ་སེམས་འཕེལ་བའི་བརྩེ་སེམས་ཀྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་དང་། ཀྲུང་ཧྭའི་རིག་གནས་དར་རྒྱས་འགྲོ་བར་དུས་རབས་གསར་པའི་འོད་ཟེར་གསར་པ་འཕྲོ་བ་བྱེད་ངེས་རེད་ཅེས་བསྟན་པ་རེད།
         བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ནི་གཞུང་ཕྱོགས་མ་ཡིན་པ་དང་ཁེ་ལེན་མ་ཡིན་པའི་དམངས་ཁྲོད་རྩ་འཛུགས་ཤིག་ཡིན་ཞིང་། 1987ལོའི་ཟླ་4པར་གསར་དུ་བཙུགས་པ་དང་། 2006ལོ་ནས་བཟུང་ཐེབས་རྩ་ལྷན་ཚོགས་དེས"འོད་ཟེར་ལས་གཞི"ཞེས་པ་དང"ཉི་འོད་ལས་གཞི"ཞེས་པ་སོགས་ཀྱི་སྤྱི་ཕན་ལས་ཚན་མང་པོ་ཞིག་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་པ་རེད།
    ༄༅།།པཎ་ཆེན་མཆོག་གིས་སྣེ་ཁྲིད་སྲོལ་གཏོད་གནང་བའི'གཞོན་ནུའི་བོད་ལྗོངས་རིག་རྩོམ་ཆེད་
སྤྱོད་ཐེབས་རྩ'བཙུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།