འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ཁོར་ཡུག་སྲུང་སྐྱོང་ཁྲལ་ཁྲིམས་ལག་བསྟར་ལས་དོན་
    བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། ཁོར་ཡུག་སྲུང་སྐྱོང་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ས་གནས་ཁག་གིས་ཁོར་ཡུག་སྲུང་སྐྱོང་ཁྲལ་ཁྲིམས་ལག་བསྟར་་གྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         《ཁོར་ཡུག་སྲུང་སྐྱོང་ཁྲལ་ཁྲིམས་》ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གཏན་འབེབས་བྱས་པའི་ཁྲལ་ཁྲིམས་དང་པོ་དེ་ཡིན་པ་དང་། དེས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་ཁུར་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོང་པུའུ་ཁྲིམས་སྲོལ་སིའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བཙོག་འབུད་གྲོན་དངུལ་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་ལ་བསྒྱུར་བ་དེ་ཁྲིམས་འཛིན་གྱི་དམ་ནན་རང་བཞིན་ཆེ་རུ་བཏང་ནས་ས་གནས་སྲིད་གཞུང་གི་ཐེ་ཇུས་བྱེད་ཉུང་དུ་གཏོང་བ་དང་ཁོར་ཡུག་གི་མ་གནས་ལ་ངོས་འཛིན་བྱེད་རྒྱུར་ཕན་པ་ཡོད། ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་དེ་བཙོག་འབུད་བྱེད་ཚད་ལ་གཞིགས་ནས་བསྡུ་བས་བཙོག་འབུད་མང་ན་ཁྲལ་འཇལ་མང་བ་དང་བཙོག་འབུད་ཉུང་ན་ཁྲལ་འཇལ་ཉུང་སྟབས་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ཉུང་དུ་གཏོང་རྒྱུར་ཕན་པ་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོང་ཁྲལ་བསྡུའི་ཐད“ཁེ་ལས་ཀྱིས་སྙན་སེང་ཞུ་བ་དང་། ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུ་བ། ཁོར་ཡུག་སྲུང་སྐྱོང་མཉམ་སྒྲུབ་བྱེད་པ། ཆ་འཕྲིན་མཉམ་དུ་སྤྱོད་པ”བཅས་ཀྱི་དཔྱ་ཁྲལ་བསྡུ་བ་དང་དོ་དམ་བྱེད་པའི་བྱ་ཐབས་སྤྱད་པས་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་ནས་བཙོག་འབུད་གྲོན་བསྡུ་དེ་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ཟླ་དྲུག་པའི་ཟླ་མཇུག་ཏུ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་《ཁོར་ཡུག་སྲུང་སྐྱོང་ཁྲལ་བསྡུ་དོ་དམ་གྱི་མཉམ་སྒྲུབ་ལམ་སྲོལ་གྱི་དྲན་ཐོར་》མིང་རྟགས་བཀོད་ནས་པུའུ་དང་ཅུས་རིམ་པའི་ཁྲལ་བསྡུ་དོ་དམ་མཉམ་སྒྲུབ་ལམ་སྲོལ་བཟོས་ནས་ས་གནས་ཁག་གི་སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་མིག་དཔེ་འདོན་སྤེལ་བྱས་ཡོད་པ་རེད། ཟླ་བདུན་པའི་ཟླ་མཇུག་ཏུ་ནོར་སྲིད་དང་། ཁྲལ་དོན། ཁོར་ཡུག་སྲུང་སྐྱོང་བཅས་སྡེ་ཚན་གསུམ་གྱིས་ཁོར་ཡུག་སྲུང་སྐྱོང་ཁྲལ་ཁྲིམས་ལག་བསྟར་སྲོལ་ཡིག་ལ་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱས་ཡོད་པ་རེད། ད་ཐེངས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ས་གནས་ཀྱི་ཁྲལ་བསྡུ་དོ་དམ་གྲ་སྒྲིག་ལས་དོན་གྱི་བླང་བྱ་གསལ་པོ་སྟོན་པ་མ་ཟད། ད་དུང་མཉམ་སྒྲུབ་ལམ་སྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་བས་ཕྱི་ནང་མཉམ་འགུལ་བཀོད་སྒྲིག་དང་གོང་འོག་མཐུན་སྦྱོར་སྐུལ་འདེད་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
         བརྡ་ཐོའི་ནང་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་མ་བསྡུས་གོང་ས་གནས་ཁག་གིས་གཙོ་བོའི་ལས་དོན་ཁག་ལྔ་ཡག་པོ་སྒྲུབ་དགོས་པའི་གསལ་པོ་སྟོན་ཡོད་པ་སྟེ། གཅིག་ནས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་སྡེ་ཚན་མང་པོ་མཉམ་སྒྲུབ་ཀྱི་ལམ་སྲོལ་འཛུགས་དགོས་པ་དང་། གཉིས་ནས་ཁྲལ་སྡུད་བཅའ་ཁྲིམས་ཀྱི་དབང་ཆ་སྤྲད་པའི་ལས་དོན་དོན་འཁྱོལ་བྱས་ནས་ས་གནས་དེ་གའི་རླུངས་ཁམས་ཆེ་མོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་གི་ཞིབ་ཕྲའི་བེད་སྤྱོད་ཁྲལ་འབབ་གཏན་འཁེལ་བྱེད་པ་དང་དེ་བཞིན་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ལ་དཔེ་འཐེན་ཞིབ་རྩིས་བྱེད་པ་དང་ཁྲལ་བསྡུའི་བྱ་ཐབས་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས་པ། གསུམ་ནས་ཁྲལ་ཁུངས་གནས་ཚུལ་ཤེས་རྟོགས་བྱས་ནས་དུས་ཐོག་ཏུ་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་རྩིས་སྤྲོད་རྩིས་ལེན་བྱས་ཏེ་རྨང་གཞིའི་ཁྲལ་ཁུངས་གྲངས་གཞིའི་མཛོད་དམ་འཛིན་བྱས་ནས་འཛུགས་དགོས་པ། བཞི་ནས་ཆ་འཕྲིན་མ་ལག་གསར་སྤེལ་འཛུགས་སྐྲུན་ཡག་པོ་བྱས་ནས་ཁྲལ་དོན་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གྲངས་གཞི་བརྗེ་རེས་མཉམ་སྤྱོད་བྱེད་དགོས་པ། ལྔ་ནས་ཁྲལ་སྡུད་བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྲལ་འཇལ་གསོ་སྦྱོང་ཟུར་ཁྲིད་ལས་དོན་ཡག་པོ་བསྒྲུབས་ནས་གཞི་རིམ་ཁྲལ་དོན་མི་སྣས་ཁྲལ་སྡུད་བཅའ་ཁྲིམས་རྒྱུས་ལོན་དང་། སྲིད་ཇུས་ཤེས་རྟོགས། བླང་བྱ་ཁོང་དུ་ཆུད་པ་བཅས་བྱས་ནས་ཁྲལ་འཇལ་བས་ཡིག་ཐོག་སྙན་ཞུ་འབུལ་ཐུབ་པ་དང་འབུལ་ཤེས་པ་བྱེད་དགོས་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།