འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུགས་འདུན་འགྲུབ་པའི་གར་སྟེགས། 

    —— ཀྲུང་གོའི་ཁེ་ལས་སུ་ཡོད་པའི་ཝུ་ཀན་ཏའི་གཞོན་སྐྱེས་ཀྱི་འཚར་ལོངས་གཏམ་རྒྱུད། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཨ་ཧྥེ་རི་ཁ་ཤར་མའི“ས་མཐོའི་ཆུ་ཁུལ”ཡིན་པའི་ཝུ་ཀན་ཏར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དམངས་འཚོའི་འདུ་འགོད་དབྱི་ཤིན་པ་ཆུ་ཤུགས་གློག་ཁང་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད། ཝུ་ཀན་ཏའི་དཔལ་འབྱོར་གོང་འཕེལ་དང་གློག་ཤུགས་ཁ་ཐང་བའི་གནད་དོན་ཐག་གཅོད་ཐུབ་རེ་ཡོད་པའི་ཆུ་ཤུགས་གློག་ཁང་དེ་མིག་སྔར་ཝུ་ཀན་ཏའི་གཞོན་སྐྱེས་སྟོང་ཕྲག་གི་ཕུགས་འདུན་འགྲུབ་པའི་གར་སྟེགས་སུ་འགྱུར་བཞིན་ཡོད།
           དབྱི་ཤིན་པ་ཆུ་ཤུགས་གློག་ཁང་ནི་ཝུ་ཀན་ཏའི་ས་ཁོངས་ཀྱི་ཉི་ལུའོ་གཙང་པོ་ཁམ་པའི་སྨད་རྒྱུད་ཀྱི་སྤྱི་ལེ་50ཙམ་གྱི་སར་གནས་པ་དང་ཝུ་ཀན་ཏའི་ནུས་རྒྱུ་དང་གཏེར་ཁ་གསར་སྤེལ་པུའུ་ཡིས་མ་འཇོག་བྱས་པ་དང་། ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པའི་གཤམ་འོག་གི་ཀྲུང་གོ་ཆུ་བེད་གློག་ཤུགས་ཕྱི་ཕྱོགས་ཀུང་སིས་ཁྱོན་ཡོངས་སྐྲུན་འགན་འཁུར་བ་དང་གན་རྒྱའི་མ་དངུལ་ཨ་སྒོར་དུང་ཕྱུར་5.68ཟིན་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་18.3ཟིན་རྒྱུ་རེད།
         རྣམ་གྲངས་དེའི་སྤྱི་ཁྱབ་ཅིང་ལི་ཝང་ཡུང་ཐེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་འཛུགས་སྐྲུན་གྱི་ལས་བྲེལ་ཆེ་བའི་སྐབས་ས་གནས་དེའི་ལས་བཟོ་གདན་ཞུ་བྱེད་ཚད་མི་གྲངས་2700ཟིན་པ་དེས་ལས་བཟོའི་བསྡོམས་འབོར་བསྡུར་ཚད་ཀྱི་86%བཟུང་ཁར་ཕལ་ཆེ་བ་གཞོན་སྐྱེས་རེད། ཆུ་ཤུགས་གློག་ཁང་སྐྲུན་རིང་ཁོང་ཚོས་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་ཡོད། དེའི་ནང་བཟོ་བཀོད་ཆེ་མོ་བ་40ལྷག་ཙམ་ཀྲུང་གོར་གསོ་སྦྱོང་དུ་སྐྱོད་མྱོང་ཡོད་པ་རེད།
          འདི་ལོ་ལོ་24ལ་སོན་པའི་ཨའེ་ལི་སིས་དབྱི་ཤིན་པ་ཆུ་ཤུགས་གློག་ཁང་གི་རྣམས་གྲངས་ཕྱོགས་བསྡུས་ལས་དོན་པུའུ་རུ་དྲུང་ཡིག་གི་ལས་ཀ་བྱེད་བཞིན་ཡོད། ཁོང་གིས་དེ་གར་ཀྲུང་གོ་བ་དང་མཉམ་དུ་ལས་ཀ་བྱས་ནས་ཁོང་ཚོའི་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱེད་ཐུབ་པས“སྤྲོ་སྣང་འཕེལ་བ་ཞིག་འདུག”ཅེས་བརྗོད།
           “ལེ་དབར་ཁྲི་ལྡན་གྱི་འབྲི་ཆུ་ནི་ང་ཚོས་ཆུ་ཤུགས་གློག་ཁང་སྐྲུན་པའི་བརྩེ་སེམས་ཀྱི་འབྱུང་རྩ་དང་། འབྲི་ཆུའི་འགག་གསུམ་ཆུ་རགས་ཆེན་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་འགྲུབ་ཡུལ་ཡིན”ཞེས་པའི“འབྲི་ཆུའི་འགག་གསུམ་བའི་གླུ་དབྱངས”དེས་ཨའེ་ལི་སིར་འབྲི་ཆུའི་འགག་གསུམ་ཚོགས་པའི་སྐབས་བཞི་པའི་ལས་བཟོའི་གླུ་གཞས་འགྲན་བསྡུར་ཆེན་པོར་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
         “འདི་ལོའི་ཟླ་5པར་ང་ཀྲུང་གོར་བསྐྱོད་དེ་པེ་ཅིང་དུས་རབས་སྟེགས་བུའི་ཟློས་གར་ཁང་གི་གར་སྟེགས་ཐོག་ལངས་ནས་གཞས་བཏང་བ་ཡིན། འགྲན་བསྡུར་མཇུག་འགྲིལ་རྗེས་ད་དུང་པེ་ཅིང་གི་གནམ་བདེ་སྒོ་མོ་དང་། ཨའོ་རྩལ་འགྲན་ཚོགས་གཉེར་ཡུལ། བརྗིད་ཆགས་ཡིད་དུ་འོང་བའི་འབྲི་ཆུའི་འགག་གསུམ་ཆུ་རགས་ཆེན་པོ་བཅས་ལ་ལྟ་སྐོར་དུ་བསྐྱོད་པ་དེ་དག་ངས་ཚེ་གང་བརྗེད་པར་དཀའ་བའི་བྱ་བ་ཞིག་ཡིན”ཞེས་ཀྲུང་གོར་འགྲན་བསྡུར་དུ་བསྐྱོད་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་བཞིན་འདུག
         ཀྲུང་གོའི་ལས་རོགས་དང་འབྲེལ་འདྲེས་བྱེད་པའི་སྐོར་གླེང་སྐབས་ཨའེ་ལི་སིས“ཀྲུང་གོའི་ལས་རོགས་དང་ཧ་ཅང་འཆམ་པོ་ཡོད། ང་ཚོས་ཁོང་ཚོའི་སྐད་ཆ་གོ་ཐུབ་པའི་ཐད་ཁོང་ཚོས་འབད་བརྩོན་ཆེན་པོ་བྱེད་པ་མ་ཟད། ད་དུང་ས་གནས་དེའི་འཚོ་བར་འབྲེལ་འདྲེས་ཐུབ་པ་བྱས་ནས་རྟག་ཏུ་ང་ཚོ་དང་མཉམ་དུ་ཝུ་ཀན་ཏའི་རོ་བཅུད་ལྡན་པའི་ཟས་མཉམ་སྤྱོད་བྱེད་ཀྱི་འདུག”ཅེས་བརྗོད།
          ལོ་28ལ་སོན་པའི་སྡེ་ཁུལ་གྱི་འབྲེལ་གཏུག་དཔོན་ཧ་སྨི་ཤིས་དབྱི་ཤིན་པའི་རྣམ་གྲངས་ཀྱི་ལས་ཀར་ཡོང་ནས་ལོ་གཅིག་ལྷག་ཙམ་ལས་ཕྱིན་མེད་ཀྱང་ལས་ཀར་འཇོན་ཐང་ཆེན་པོ་ཡོད།
          སྡེ་ཁུལ་གྱི་འབྲེལ་གཏུག་དཔོན་གྱི་འགན་འཁྲི་འཁུར་རྒྱ་ཧ་ཅང་ཆེ་བས་མཐའ་འཁོར་གྱི་སྡེ་ཁུལ་དང་གྲོང་ཚོ་དང་འབྲེལ་གཏུག་རྒྱུན་འཁྱོངས་དང་ད་དུང་སྡེ་ཁུལ་དང་དེ་བཞིན་ཡུལ་མིའི་ཞུ་གཏུག་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་དགོས་པ་མ་ཟད། ཁེ་ལས་ལ་གཞོགས་འདེགས་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དོན་འཁྱོལ་དང་ས་གནས་དེའི་གཞི་རིམ་སྲིད་གཞུང་དང་འབྲེལ་གཏུག་ཀྱང་བྱེད་དགོས་ཀྱི་ཡོད།
          ཧ་སྨི་ཤིས“ལས་གནས་འདི་ཕྱོགས་ཁག་ཚང་མའི་མི་སྣ་དང་འབྲེལ་བ་ཡོད་པས་རང་ཉིད་ཀྱི་འཇོན་ཐང་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་ཚོར་སྣང་ཡོང་གི་འདུག”ཅེས་བརྗོད་བྱུང་།
          དབྱི་ཤིན་པའི་རྣམ་གྲངས་ལ་ད་དུང“ཕྱི་གླིང་བའི་ངལ་རྩོལ་དཔེ་བཟང་བ”ཞིག་ཡོད་པ་དང་ཁོང་གི་ཀྲུང་གོའི་མིང་ལ་མ་ཅ་ཞེས་འབོད་ཀྱི་ཡོད། མ་ཅ་ལོ་30ལྷག་ཙམ་ཡིན་པ་དང་ཁོང་ནི་དབྱི་ཤིན་པའི་རྣམ་གྲངས་ཀྱི་སྲིད་འཛིན་ལས་རོགས་རེད། ཁོང་དེ་སྔ་ནན་ཅིང་དགེ་འོས་སློབ་ཆེན་དང་ཧོ་ཧའེ་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་མྱོང་ཡོད་ལ་རྒྱ་སྐད་ཡག་པོ་ཡོད་པ་མ་ཟད་དབྱིན་ཡིག་དང་ས་གནས་ཀྱི་རྒྱུན་སྤྱོད་ཝུ་ཀན་ཏའི་སྐད་ཡིག་ཁོང་དུ་ཆུད་ཀྱི་ཡོད།
         ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པའི་དབང་གིས་མ་ཅ་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པས་2016ལོའི་ཕྱི་རྒྱལ་གྱི་ལས་བཟོ་ཡག་ཤོས་སུ་བདམས་ཡོད། འདི་ལོ་ཟླ་5པར་ཁོང་གིས་ཀུང་སི་དེ་གནས་སའི་ས་གནས་སྡེ་ཁུལ་དང་སློབ་གྲྭར་གཉེར་བའི་མི་སྒེར་གྱི་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་ཚོགས་འདུར་ཞུགས་པས་ཁོང་གི་གཏམ་བཤད་ལས་ས་གནས་དེའི་མང་ཚོགས་ཀྱིས་དབྱི་ཤིན་པ་ཆུ་ཤུགས་གློག་ཁང་སྐྲུན་པའི་དོན་སྙིང་དང་དེ་བཞིན་ཀྲུང་གོའི་ཁེ་ལས་ཀྱི་རིག་གནས་སྔར་བས་ཤེས་རྟོགས་ཐུབ་ཡོད།
          “དབྱི་ཤིན་པ་ཆུ་ཤུགས་གློག་ཁང་རྣམ་གྲངས་ལས་ས་གནས་དེའི་མི་ཚོར་ལས་ཞུགས་གོ་སྐབས་མང་པོ་བྱུང་བ་དང་ཕྱོགས་མཚུངས་ད་དུང་ཉེ་འགྲམ་གྱི་གྲོང་རྡལ་དུ་ལམ་བཟོས་པ་དང་གློག་ཤར་གཏོང་ཐུབ་པས་ཉེ་འཁོར་གྱི་ཡུལ་མིའི་འཚོ་བར་སྔར་བས་སྟབས་བདེ་བྱུང་ཡོད”ཅེས་མ་ཅས་བརྗོད་ཅིང་། ཁོང་གིས“རྣམ་གྲངས་ཀུང་སིས་ད་དུང་ཉེ་འཁོར་གྱི་སློབ་གྲྭར་རོགས་རམ་གང་ཐུབ་བྱས་པ་ལས་སློབ་གྲྭའི་ཁང་པ་སྐྲུན་རོགས་ཕུད་ད་དུང་ཕྲུ་གུ་ཚོར་སློབ་གོས་དང་། དཔེ་དེབ། སྦྱོང་དེབ་སོགས་སློབ་སྦྱོང་གི་མཁོ་ཆས་ཀྱང་སྤྲད་ཡོད”ཅེས་བརྗོད་བྱུང་།
         མ་ཅ་ཡིས“ཀྲུང་གོའི‘རྒྱུད་གཅིག་ལམ་གཅིག’བསྐྲུན་པ་དང་བསྟུན་འབྲི་ཆུའི་འགག་གསུམ་ཚོགས་པ་ལྟ་བུའི་ཁེ་ལས་སྔར་ལས་མང་བ་རྒྱལ་ཁབ་ནས་ཐོན་ཏེ་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་ཞུགས་ཀྱི་ཡོད། ཀྲུང་གོའི་ཐོན་རྫས་དང་ལག་རྩལ་ཨ་ཧྥེ་རི་ཁ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ལ་ཀྲུང་གོ་བ་ལས་ལ་བརྩོན་པ་དང་མཐུན་ལམ་ཟབ་པར་བརྟེན་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེའི་སྡེ་ཁུལ་གོང་འཕེལ་ལ་རོགས་རམ་བྱ་རྒྱུར་ཝུ་ཀན་ཏས་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཀེ་ཕིང་།
      

    ཕྱོགས་བསྡུས་གསར་འགྱུར།