འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བྲག་དཀར་རྫོང་གིས་ཞབས་ཞུ་བྱེད་སྟངས་གསུམ་ལ་བརྟེན་ནས་འབྲོག་ཁུལ་གྱི་རྒན་
    རྒོན་ལ“རྒས་དུས་འཚོ་རྟེན”ཡོད་པ་བྱས་པ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མེ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            སྐལ་བཟང་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་གི་འགན་ལེན་ལྔ་བྱ་ཡུལ་ཞིག་ཡིན་པ་དང་བུ་ཕྲུག་མེད་པ་མ་ཟད། ད་དུང་མིག་གཉིས་ཀ་ལོང་བ་ཡིན་པས་ད་ཆ་བྲག་དཀར་རྫོང་གི་རྒན་གསོ་ཁང་དུ་སྡོད་ཀྱི་ཡོད། རྒན་རྒོན་ལ་ལྟ་རྟོག་ཡག་པོ་བྱ་ཆེད། རྒན་གསོ་ཁང་གིས་ཆེད་མངགས་ལས་དོན་མི་སྣ་གཅིག་རྒན་རྒོན་གྱི་ཁ་འཁྲུ་ལག་བཤལ་དང་ལྟོ་ཆས་ཀྱི་འགན་འཁུར་བར་བཏང་ནས་རྒན་རྒོན་ལ་ཁྱིམ་ལྟར་གྱི་དྲོ་སྐྱིད་ཚོར་དུ་བཅུག་ཡོད།
             ཇི་ལྟར་བྱས་ནས་ཞིང་འབྲོག་ཁུལ་གྱི་རྒན་གསོའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་ཇི་ལྟར་བྱས་ནས་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས་པའི་ཐད་བྲག་དཀར་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དབྱི་བདེ་སྐྱིད་ཀྱིས“བྲག་དཀར་རྫོང་གིས་ཞབས་ཞུ་སྟོན་ཕྱོགས་སུ་བྱས་ནས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང‘གཅིག་སྡུད་དང་། ཁྱིམ་སྡོད། ཚབ་གསོ’བཅས་རྒན་གསོའི་ཞབས་ཞུ་བྱེད་སྟངས་གསུམ་ལ་བརྟེན་པས་ད་ཆ‘ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་གཞི་རྟེན་དུ་བྱེད་པ། སྒྲིག་གཞི་འདེགས་སྐྱོར་དུ་བྱེད་པ། ཉོ་སྒྲུབ་འགན་ལེན་དུ་བྱེད་པ། ཚབ་གསོ་ཁ་སྣོན་དུ་བྱེད་པ’བཅས་ཀྱི་རྒན་གསོའི་ཞབས་ཞུའི་འཁོར་རྒྱུག་རྣམ་པ་ཞིག་རགས་ཙམ་ཆགས་ཡོད”ཅེས་བཤད་པ་རེད།
           རྒན་མོ་སྐལ་བཟང་སྐྱིད་རྒན་གསོའི་ཞབས་ཞུ་བྱེད་སྟངས་གསུམ་ཁྲོད་ཀྱི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་བྱེད་པའི་གྲས་སུ་ཚུད་ཡོད། ཞབས་ཞུ་དེ་རིགས་ནི་བུ་ཕྲུག་མེད་པའི་མི་ཧྲེང་རྒན་རྒོན་ལ་ཡུན་རིང་རང་བཞིན་གྱི་སྒྲིག་གཞིའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་བྱ་ཆེད་དང་འགན་ལེན་ལྔའི་དུད་ཚང་གི་གཞི་རྩའི་འཚོ་བ་འགན་ལེན་བྱས་ནས་ནད་གཞི་སྨན་བཅོས་དང་དེ་བཞིན་རྗེས་འཇུག་སོགས་བྱེད་ཀྱི་ཡོད་པ་རེད།
            མིག་སྔའི་བར་རྫོང་ཡོངས་སུ་རྒན་གསོ་ཁང་3བསྐྲུན་པ་དེ་དག་ལ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་103ཡོད་པ་དང་ལོར་མི་རེའི་ཆ་སྙོམས་བསྙེན་བཀུར་ཚད་གཞི་2016ལོའི་སྒོར་7100ནས་2017ལོའི་སྒོར་8318བར་སྤར་ཡོད།
           གཅིག་སྡུད་བསྙེན་བཀུར་ཕུད་བྲག་དཀར་རྫོང་གིས་ད་དུང་ཁྱིམ་སྡོད་ཀྱི་རྒན་གསོའི་ཞབས་ཞུ་བྱེད་པ་ནི་སྡེ་ཁུལ་ལ་བརྟེན་ནས་ཁྱིམ་སྡོད་རྒན་རྒོན་ལ་ལྟོ་ཆས་དང་། གཙང་སྦྲ། འགྲོ་སྐྱོད། སྨན་བཅོས་སོགས་ཀྱི་གཞི་རྩའི་ཞབས་འདེགས་ཞུས་ཏེ་རྒན་རྒོན་ཁྱིམ་དོན་མི་དགོས་པར་ཆེད་ལས་ཅན་གྱི་སྤྱི་ཚོགས་ཞབས་འདེགས་ཞུ་གི་ཡོད།
           རྩི་གོར་ཐང་གྲོང་རྡལ་གྱི་གྲོང་མི་རྒན་རྒོན་ཝང་ཤིའུ་ལན་ནི་གཟུགས་གཞི་སྐྱོ་ལ་ནད་མང་བ་དང་འགུལ་སྐྱོད་སྟབས་བདེ་མེད་པ་མ་ཟད། བུ་ཕྲུག་ཕྱིར་གླ་པར་བསྐྱོད་ནས་འགྲམ་དུ་བུ་ཕྲུག་མེད་པ་ཞིག་རེད། ལི་ཡུང་ཕིང་ནི་གྲོང་བྱང་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་ཤིག་རེད། ཁོང་གིས་རྒན་རྒོན་ཝང་ཤིའུ་ལན་གྱི་གནས་ཚུལ་ཤེས་རྗེས་རང་འགུལ་ངང་རྒན་རྒོན་ལ་ལྟ་རྟོག་བྱེད་འགན་འཁུར་ནས་རྒན་རྒོན་དང་སྙིང་གཏམ་ཤོད་རེས་བྱེད་པ་མ་ཟད། ཁོང་ལ་གྱོན་གོས་དང་མལ་ཆས་འཁྲུ་རོགས་བྱེད་པ་དང་ཞིམ་ཟས་སྣ་ཚོགས་བཟོས་ནས་རྒན་རྒོན་ལུས་བདེ་སེམས་སྐྱིད་ཡོང་བ་བྱེད་ཀྱི་ཡོད།
           རྒན་རྒོན་ན་དུས་ལི་ཡུང་ཕིང་གིས་འཕྲལ་མར་དམངས་སྲིད་ཅུས་དང་སྨན་ཁང་ལ་ནད་ལྟ་བར་ཡོང་རྒྱུའི་རེ་བ་བཏོན་ཡོད། རྒན་རྒོན་གྱི་མིག་ལ་མཆི་ཞག་འཁོར་བཞིན་ལི་ཡུང་ཕིང་གི་ལག་ནས་འཇུས་ཏེ“ཚེ་སྔོན་བསོད་ནམས་བསགས་པས་ཚེ་འདིར་བུ་མོ་ཡག་པོ་འདི་འདྲ་ཞིག་ཐུག་པ་དངོས་གནས་བསོད་བདེ་ཡིན”ཞེས་བཤད།
            བྲག་དཀར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནམ་མཚོ་སྐྱིད་ཀྱིས“བྲག་དཀར་རྫོང་དུ་སྲིད་གཞུང་གིས་མ་དངུལ་བཏང་ནས་རྒན་རྒོན་ཚོར་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད། ད་ཆ་བྲག་དཀར་རྫོང་གིས་མི་ཐེངས་1782ལ་ཞབས་འདེགས་ཞུས་པའི་མ་དངུལ་སྒོར་ཁྲི་20.16ཟིན་ཡོད”ཅེས་བཤད་པ་རེད།
          “ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་པ་དེས་རྫོང་ཡོངས་ཀྱི་རྒན་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་ནས་རྒན་རྒོན་གྱི་བདེ་སྐྱིད་འཚོ་བར་དེ་བས་ལེགས་པའི་ཁོར་ཡུག་བསྐྲུན་ཐུབ་རྒྱུ་རེད”ཅེས་གནམ་མཚོ་སྐྱིད་ཀྱིས་བཤད།
          བྲག་དཀར་རྫོང་གིས་ཚབ་གསོའི་ཞབས་ཞུ་ལག་བསྟར་བྱས་རྗེས་མཆོག་གོར་ལ་ཚབ་གསོའི་དངུལ་སྤྲོད་སྐབས་རྩ་བ་ནས་མི་ལེན་པར་ཁོང་གིས“ངས་རྒན་རྒོན་སྐལ་ལེགས་ལོ་30ལྷག་ཙམ་གསོས་ཀྱང་ཁོང་གི་ས་ནས་ཕན་པ་ཐོབ་རྒྱུའི་བསམ་པ་རྩ་བ་ནས་འཆང་མྱོང་མེད། འོན་ཀྱང་སྲིད་ཇུས་བཟང་པོ་དེ་འདྲ་ཡོད་ཚེ་ཁྱིམ་ཚང་མང་པོས་རྒན་རྒོན་ཚབ་གསོ་བྱེད་ངེས་རེད། དེ་ལྟར་བྱས་ཚེ་རྒན་རྒོན་ལ་ཕན་ཐོགས་པ་མ་ཟད། ཚབ་གསོ་བྱེད་མཁན་མི་སྣའི་དཔལ་འབྱོར་ཁུར་པོའང་ཡང་དུ་འགྲོ་རྒྱུ་རེད”ཅེས་བཤད།
          གནམ་མཚོ་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚབ་གསོའི་ཞབས་ཞུས་ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་དུད་ཚང་དང་། དབང་པོ་སྐྱོན་ཅན། གཞིས་ལུས། ན་རྒན་སོགས་ཀྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ་དངོས་འབྲེལ་ཕན་པ་ཐོབ་རྒྱུ་འགན་ལེན་བྱ་ཆེད། བྲག་དཀར་རྫོང་གིས་2015ལོ་ནས་བཟུང་ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ“ཚབ་གསོའི་ཞབས་ཞུ”ལག་བསྟར་བྱས་ཚུན་རྒན་རྒོན་ཚོར་རང་ཉིད་ཀྱིས་རེ་བ་བྱེད་པའི་རང་གཤིས་ཅན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། དེས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ་སྡོད་གནས་དང་། ཉིན་རེའི་ལྟ་རྟོག སེམས་གསོ་སོགས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། ཚབ་གསོ་བྱེད་མཁན་མི་སྣའི་དཔལ་འབྱོར་ཁུར་པོའང་ཡང་དུ་ཕྱིན་ཡོད། ལོ་གཉིས་ལྷག་ཙམ་རིང་ཁྱོན་མ་དངུལ་སྒོར་ཁྲི་195.74སྤྲད་པས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་དང་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།