འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།གདན་ཞུའི་མིང་ཐོག་ནས་བར་ཚོང་རྒྱག་མཁན་ལ་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་ཆེད་
    དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་གསར་འགོད་པར་ཤེས་རྟོགས་བྱུང་གསལ། བཟོ་ཚོང་སྤྱི་ཁྱབ་ཅུས་དང་། སློབ་གསོ་པུའུ། སྤྱི་བདེ་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་《“གདན་ཞུ་དང་ལས་ཀ་ངོ་སྤྲོད”ཀྱི་མིང་ཐོག་ནས་བར་ཚོང་བྱེད་སྤྱོད་ལ་ཞུགས་མཁན་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་ཀ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་སྟེ་ཟླ་8ཚེས་15ཉིན་ནས་ཟླ་11ཚེས་15ཉིན་བར་དུས་ཡུན་ཟླ་གསུམ་རིང་བར་ཚོང་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་ཐག་བཅད་པ་རེད།
         ཉེ་ཆར། བར་ཚོང་རྩ་འཛུགས་ཀྱི་བྱེད་སྤྱོད་སྨྱོ་ཧམ་ཆེ་བ་དང་ཐབས་ལམ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་འབྲེལ་ཡོད་མང་ཚོགས་བར་ཚོང་གི་གཡོ་ཇུས་ནང་བསླུ་བྲིད་བྱེད་པའི་གནས་ཚུལ་ཡང་སེ་ཐོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
         ད་རེས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ་བར་འཚོང་རྩ་འཛུགས་ལ་རྡུང་རྡེག་ནན་པོ་དང་ཁྲིམས་བཞིན་མེད་པ་བཟོ་རྒྱུ་ཡིན་པ་རེད། བར་ཚོང་རྒྱག་ཡུལ་གཙོ་བོར་གྲལ་བཤེར་གཙང་སེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རུབ་འཛོམས་རྣམ་པའི་བར་ཚོང་ཐོན་སླ་བ་དང་ཐོན་མང་བའི་ས་ཁོངས་སུ་ཁྱོན་ཡོངས་ནས་གཙང་བཤེར་ཡང་སེ་བྱེད་པ་དང་སྔོན་འགོག་ཚོད་འཛིན་དང་བཀག་སྡོམ་གྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་བར་ཚོང་རྩ་འཛུགས་དང་བར་ཚོང་གི་བྱེད་གཏེ་ཁག་གཅིག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད། “ལས་གཏོད་དང་ལས་ཞུགས”ལ་ཁ་གཡར་བ་དང“གདན་ཞུ”དང“ལས་ཀ་ངོ་སྤྲོད”ཀྱི་མིང་ཐོག་ནས་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་བར་ཚོང་ནང་ཞུགས་སུ་འཇུག་པ་དང་སློབ་མའི་མི་ལུས་རང་དབང་ལ་ཚོད་འཛིན་བཟོ་མཁན་བར་ཚོང་རྩ་འཛུགས་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། སློབ་མ་བར་ཚོང་ནང་ཞུགས་རྒྱུའི་བསླུ་བྲིད་བྱས་པའི་གྱོད་གཞི་གལ་ཆེན་དང་གནད་ཆེའི་གྱོད་གཞི་སྟོབས་ཤུགས་གཅིག་སྡུད་ངང་ཞིབ་བཤེར་རྩད་གཅོད་བྱེད་པ་དང་། སྒྲིག་འཛུགས་མཁན་དང་བྱེད་གཏེར་ཆད་པ་ནན་པོ་གཅོད་པ། བར་ཚོང་དྲ་རྒྱ་རྩ་བརླག་ཏུ་གཏོང་བ་བཅས་བྱ་རྒྱུ། ཁྲིམས་བཞིན་ཐད་ཚོང་ཁེ་ལས་ཀྱིས་སྒྲིག་འགལ་ངང་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་བསྡུ་བའི་བྱེད་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།
         དེ་དང་ཆབས་ཅིག་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ་གདན་ཞུའི་ལས་སྟེགས་གལ་ཆེན་ལ་གྲལ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་ལས་སྟེགས་དང་ཁེ་ལས་ཀྱི་འགན་འཁྲི་ནན་དུ་གཏོང་རྒྱུ་ཡིན་པ་རེད། བར་ཚོང་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་བརྒྱུད་སྤེལ་བྱེད་མཁན་ཁེ་ལས་དང་། རྩ་འཛུགས། མི་སྒེར་བཅས་ཐག་གཅོད་ནན་པོ་བྱ་རྒྱུ་མ་ཟད། མི་དམངས་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། སློབ་ཆེན་སློབ་མ་དང་ལས་ཀ་འཚོལ་མཁན་མི་ཚོགས་ལ་གཙོ་གནད་ཐོག་བར་ཚོང་བྱེད་སྤྱོད་ལ་དོགས་ཟོན་བྱ་ཤུགས་ཆེ་རུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།