འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་རིའི་འདབས་ཀྱི་ལུས་རྩལ་དབུལ་སྐྱོར་སློབ་ཚན། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཤིན་ཨའུ་ཡིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “བོད་ལྗོངས་གཞིས་རྩེར་རི་བོ་མང་བའི་ལེགས་ཆ་ལྡན་པ་དང་སྲིད་གཞུང་གིས་རི་མཐོའི་ཐང་སྟོང་དུ་འགྲོ་ལམ་དང་། སྒར་ས། བཟའ་བཏུང་། ཞག་སྡོད་ཞབས་ཞུའི་ས་ཚིགས་སོགས་གཉེར་ཆོག་པ་དང་མང་ཚོགས་ཚོས་གཉེར་སྐྱོང་དང་ཡོང་འབབ་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཐང་སྟོང་ཡུལ་སྐོར་ཐོན་ལས་གཉེར་ཆོག”
           སྐད་ཆ་འདི་ནི་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་ཚེ་རིང་བསྟན་དར་གྱིས་བཤད་པ་ཞིག་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་རིའི་སྒར་ས་ཆེ་མོའི་གུར་ནང་གློག་བརྙན་སྟོན་བཞིན་དུ་གང་འདྲ་བྱས་ཏེ་ཇོ་རིའི་གོམ་བགྲོད་ལམ་གཏོད་རྒྱུ་དང་ལམ་ཐིག་ཇུས་འགོད་དང་། ལམ་རྒྱུད་དུ་ཞབས་ཞུའི་ས་ཚིགས་འཛུགས་རྒྱུ། དེའི་ཐད་རྒྱལ་ཁབ་ཕྱི་ནང་ལ་ཐོབ་པའི་གྲུབ་འབྲས་ཀྱི་དཔེ་མཚོན་བཅས་ངོ་སྤྲོད་བྱས། ཁོང་གིས་བཤད་པའི་སྐད་ཆ་ཉན་མཁན་ནི་ཉིན་ཤས་གོང་འཚོགས་པའི་སྐབས་གཉིས་པའི་ཧི་མ་ལ་ཡའི་གོམ་བགྲོད་བྱེད་སྒོར་ཞུགས་མཁན་རུ་མི་རྣམས་ཡིན་པ་རེད།
            ཧི་མ་ལ་ཡའི་གོམ་བགྲོད་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་ཆས་གསར་སྤེལ་དོ་དམ་ལྟེ་གནས་དང་ཀྲུང་གུང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཨུ་ལྷན་དང་དེ་བཞིན་དིང་རི་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་ལམ་ཐིག་ཇོ་རིའི་སྒར་ས་ཆེ་མོ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5400ཡོད་པའི་བར་བརྒལ་སྒར་སའི་བར་ཡིན།
          ཚེ་རིང་བསྟན་དར་ནི་བྱེད་སྒོ་དེའི་ལས་དོན་མི་སྣའི་གྲས་ཤིག་ཡིན་པ་དང་ཁོང་གི་འཆད་ཁྲིད་དེ་འདྲ་ཉིན་ལྟར་དགོང་མོ་སྒར་སར་གཉེར་གྱི་ཡོད། ཉིན་གང་རི་ཀླུང་ཁྲོད་བསྐྱོད་རྗེས་བོད་ལྗོངས་རི་འཛེག་རུ་ཁག་དང་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིའི་རྩལ་ཁྲིད་དགེ་རྒན་ཚོས་མཚན་མོ་ཐང་སྟོང་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བསམ་ཕྱོགས་སྤེལ་རེས་བྱེད་ཀྱི་ཡོད།
         ཚེ་བརྟན་བསྟན་དར་གྱིས་སློབ་ཁྲིད་བྱེད་སའི་ནང་དམིགས་བསལ་གྱི་མི་སྣ་བཅུ་ཡོད་པ་ཁོང་ཚོ་ནི་གཞིས་རྩེ་དིང་རི་རྫོང་གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་ཡིན་པ་དང་བཀྲ་ཤིས་འཛོམས་ཤང་སྲ་མིག་གྲོང་ཚོའི་ལོ་45ལ་སླེབས་པའི་ཕན་ཐོགས་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་རེད།
          “དགེ་རྒན་ཚོས་སློབ་ཁྲིད་བྱས་པ་བརྒྱུད་ཤེས་བྱ་མི་ཉུང་བ་ཞིག་ཤེས་བྱུང་། རི་འཛེག་དང་གོམ་བགྲོད་ནི་ཡོང་འབབ་གསོག་པའི་བྱ་ཐབས་བཟང་པོ་ཞིག་རེད་འདུག ཇོ་རིའི་འདབས་སུ་འཚོ་བ་སྐྱེལ་ཡང་ཐང་སྟོང་གོམ་བགྲོད་ཀྱི་བྱེད་སྒོ་དེའི་ནང་ཞུགས་ཐེངས་དང་པོ་ཡིན། རི་ཀླུང་ཁྲོད་བསྐྱོད་པ་དང་སྒར་སར་གུར་བརྒྱབ་ནས་བྱེད་སྒོ་དེའི་ནང་ཞུགས་རྗེས་ཡུལ་སྐོར་བ་ཚོར་གང་ཞིག་མཁོ་མིན་ཡང་ཤེས་བྱུང་། གྲོང་ཚོར་ལོག་རྗེས་ང་ཚོས་གྲོང་ཚོའི་ལས་བྱེད་པ་དང་གྲོས་བསྡུར་ཡག་པོ་བྱས་ཏེ་གྲོང་མི་ལུས་རྩལ་ཡུལ་སྐོར་གྱི་བྱ་གཞག་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་ནས་ཟ་ཁང་དང་འགྲུལ་ཁང་གཉེར་རྒྱུ་ཡིན”ཞེས་ཕན་ཐོགས་ཀྱི་བརྗོད་བྱུང་།
          ད་ཕན་ལོ་ཤས་རིང་ཚོང་ལས་རི་འཛེག་བྱེད་སྒོ་དེ་ཇོ་རིའི་བྱང་རྒྱུད་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་བཟང་ཞིག་ཏུ་གྱུར་ཅིང་། རི་འཛེག་རུ་ཁག་གི་ལས་མི་བྱེད་པ་དང་ཟོག་འདྲེན་འབྲི་གཡག་མཁོ་འདོན་བྱེད་པའི་ལས་ལ་གཞོལ་བར་བརྟེན་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་གྲོང་ཚོ་མང་པོ་ཞིག་ལ་ཡོང་འབབ་མི་ཉུང་བ་ཞིག་བྱུང་ཡོད། ན་གཞོན་མང་པོ་ཞིག་བོད་ལྗོངས་རི་འཛེག་སློབ་གྲྭར་རྒྱུགས་འཕྲོད་པ་དང་སློབ་གྲྭ་ཐོན་རྗེས་ས་གནས་དེ་གའི་རི་འཛེག་སྣེ་ཤན་པར་གྱུར་བའི་ཐོག་ལས་ཞུགས་ཀྱང་ཐག་གཅོད་ཐུབ་ཡོད།
          “ང་ཚོས་མུ་མཐུད་ཇོ་རིའི་འདབས་ཀྱི་ཐང་སྟོང་ཐོན་ལས་རྒྱ་ཆེར་གཏོང་རྒྱུ་དང་འབྲེལ་མང་ཚོགས་ལ་ཕྱོགས་པའི་མྱོང་རོལ་རང་བཞིན་གྱི་བྱེད་སྒོ་དང་འགྲན་བསྡུར་དེ་བས་མང་པོ་གཉེར་རྒྱུ་ཡིན་ལ། ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་བྱས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་ས་གནས་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།