འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་དར་ལག་རྩྭ་ཐང་གི་གྲོང་ཚོ་ཆུང་ཆུང་གི་ཕྱུག་འགྱུར་ཐབས་བཟང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་ཚ་ཚ་འུར་འུར་ངང་རྒྱག་བཞིན་པའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད། མཚོ་སྔོན་དར་ལག་རྩྭ་ཐང་སྟེང་གི་གྲོང་ཚོ་ཆུང་ཆུང་ཞིག་འབུར་དུ་ཐོན་ནས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་པ་རེད།
            མཚོ་སྔོན་དར་ལག་རྫོང་ནི་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྷོ་རྒྱུད་དུ་གནས་པ་དང་། སི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་དང་སེར་ཤུལ་རྫོང་དང་ཁྱིམ་མཚེས་ཡིན་ཞིང་། འགྲིམ་འགྲུལ་གྱི་ལེགས་ཆ་ཆེན་པོ་ལྡན་ཡོད། ལོ་ལྟར་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་ཚོང་པའི་རྒྱུན་ཆད་རྒྱུ་མེད་པ་དང་། ཉེ་བའི་ལོ་གཉིས་རིང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྫོང་དུ་ཡུལ་སྐོར་ལ་ཡོང་མཁན་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཡུལ་སྐོར་བ་ཡང་ཇེ་མང་དུ་འགྲོ་བ་དང་། ལྷག་དོན་དུ་དཔྱིད་དབྱར་སྟོན་གསུམ་གྱི་དུས་སུ་རྫོང་ཁྱབ་ཁོངས་ནང་ཨར་ཁང་དང་བཟའ་བཏུང་སོགས་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ཐོན་གྱི་ཡོད་པ་དང་། དབྱར་དུས་སུ་སླེབས་རིམ་བཞིན“ཁང་པ་གཅིག་ཀྱང་རག་དཀའ་བའི”སྣང་ཚུལ་ཐོན་གྱི་ཡོད་པས་ཚོང་རྒྱག་པའི་གོ་སྐབས་ཡག་པོ་ཡོད་པ་རེད།
          ཚོང་གི་གོ་སྐབས་ཡག་པོ་དེ་འདྲ་ཡོད་པ་མཐོང་དུས་2016ལོའི་ཟླ་12པར་ལུང་མཚེ་གྲོང་ཚོས་2016ལོའི་རྫོང་ཡོངས་ཀྱི་རིགས་ཁག་གི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་424བསྡུ་སྒྲིལ་བྱས་ཏེ་རྫོང་གྲོང་དུ་བསྐྲུན་པའི་ཞག་སྡོད་དང་། བཟའ་བཏུང་། རླངས་འཁོར་ཉམས་བཟོ། རླངས་འཁོར་འཁྲུ་ས་བཅས་གཞི་གཅིག་ཏུ་འདུས་པའི་རྒྱུ་སྨད་གྲོང་རྡལ་ལུང་མཚེ་གྲོང་ཚོའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་གླིང་དར་ལག་རྫོང་གྲོང་དུ་བཙུགས་པ་རེད།
          “ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་3000ཡོད་པས་ངའི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་སོང”ཞེས་དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་ལུང་མཚེ་གྲོང་ཚོའི་དུད་ཚང་དབུལ་པོའི་སྒྲོལ་མཚོ་སྐྱིད་ཀྱིས་བཤད་པ་དང་། དེ་སྔོན་ནང་མི་ཚང་མ་འབྲོག་ལས་འཚོ་རྟེན་དུ་བྱེད་པ་ཕུད་ཡོང་ཁུངས་གཞན་གང་ཡང་མེད་པ་དང་གཏོང་ཡོང་ཁ་མི་འཐབ་པའི་དཔལ་འབྱོར་རྣམ་པ་དེ་ལྟ་བུས་ཁོ་མོའི་ཁྱིམ་ཚང་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། 2017ལོའི་ཟླ་4པར་སྒྲོལ་མཚོ་སྐྱིད་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་སྟེ། རྒྱུ་སྨད་གྲོང་རྡལ་ལུང་མཚེ་གྲོང་ཚོའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་གླིང་གི་གསེར་མདོག་ཁྱིམ་གཞིས་ཨར་ཁང་གཉེར་འགོ་ཚུགས་ཤིང་། སྒྲོལ་མཚོ་སྐྱིད་ལ་གྲོང་སྡོད་ཧྲུའུ་ཅི་དང་པོའི་སྣེ་ཁྲིད་འོག་ཟ་ཁང་གི་ཞབས་ཞུ་མའི་ལས་གནས་ཤིག་རག་པ་དང་དུས་ཐུང་ཟླ་བ་གསུམ་ནང་ཁོ་མོར་ངལ་ནུས་གླ་ཆ་སྒོར་9000རག་པ་མ་ཟད། ད་དུང་ལོ་མཇུག་ཏུ་ཁེ་སྤོགས་སྒོར་1652བྱུང་བ་རེད།
          ཁྱད་ལྡན་ཐོན་ལས་དང་། ཡུལ་གཞན་དུ་གནས་སྤོ། སྣོད་བཅུད་འཛུགས་སྐྱོང་། མ་རྩའི་ཁེ་བཟང་། ལས་ཞུགས་གཞན་སྒྱུར་སོགས་བྱ་ཐབས་རེ་རེ་ལུང་མཚེ་གྲོང་ཚོར་སྤྱད་པ་དང་སྦྲགས་འཕེལ་རྒྱས་བྱུང་བ་དང་། ལུང་མཚེ་གྲོང་ཚོས་ད་དུང་སློབ་གསོར་བརྟེན་ནས་དབུལ་སྒྲོལ་དང་། སྨན་བཅོས་རོགས་སྐྱོབ། མཐིལ་འདེགས་འགན་ལེན་སོགས་དབུལ་སྒྲོལ་བྱ་ཐབས་རབ་དང་རིམ་པ་དང་ཟུང་འབྲེལ་བྱས་པར་བརྟེན། གྲོང་ཚོ་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་77གྱི་མི་234ཚང་མ་དབུལ་སྒྲོལ་ཐུབ་པ་དང་2016ལོར་ལུང་མཚེ་གྲོང་ཚོ་དེ་རྫོང་ཡོངས་ཀྱི་དབུལ་སྒྲོལ་གྲོང་ཚོ་དང་པོར་གྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།