འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།《ཕུའུ་ཧྲི་ཏེ》——ནམ་ཡང་མི་ནུབ་པའི་མི་ཡུལ་གྱི་ཟློས་གར་ཆེ་མོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དུས་རབས་གོང་མའི་ལོ་རབས་20པར་ཀུའོ་མོ་རོ་ཡིས་《ཕུའུ་ཧྲི་ཏེ་》ཞེས་པ་དེ་རྒྱ་ཡིག་ཏུ་ཕབ་བསྒྱུར་བྱས་པ་དང་བསྟུན་དུས་ཡུན་རིང་པོའི་ནང་ཀྲུང་གོ་བའི་སེམས་ནང་འདི་ཉིད་སྐད་གྲགས་ཡོད་པའི་འཇར་མན་སྐད་ཡིག་གི་རྩོམ་རིག་བརྩམས་ཆོས་ཤིག་རེད། ང་ཚོས་ཀྱང་སྔོན་ཆད་ཕུའུ་ཧྲི་ཏེའི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ངོས་ལ་ལྕག་སྐུལ་གཏོང་མྱོང་ཡོད། འོན་ཀྱང་ལྟ་ཀློག་དང་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་མི་ཚོས་ཕུའུ་ཧྲི་ཏེའི་གཟུགས་བརྙན་ཐད་དེ་བས་ཕྱོགས་ཡོངས་ནས་ངོས་འཛིན་ཟབ་མོ་བྱུང་ཡོད།
          《ཕུའུ་ཧྲི་ཏེ་》ནི་འཇར་མན་གྱི་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་རྩེར་སོན་ནང་གི་རྩེར་སོན་ཞིག་རེད། དོན་དངོས་ཐོག་ཀོ་ཏེའི་གོང་དུ་འཇར་མན་གྱི་རྩོམ་རིག་ཁྲོད་ཡོ་རོབ་ཏུ་སྐད་གྲགས་ཆོད་པའི་བརྩམས་ཆོས་དང་དེང་རབས་ཀྱི་དོན་སྙིང་ལྡན་པའི་རྩོམ་རིག་བརྩམས་ཆོས་རྩེར་སོན་ཐོན་མྱོང་མེད། ཀོ་ཏེས་སྔོན་ཆད་རྩོམ་ཐུང་ཞིག་ནང་ལོ་1800ཡི་སྔ་རྗེས་སུ་འཇར་མན་གྱི་རྩོམ་རིག་ཆེད་ཕུལ་བྱུང་གི་རྩོམ་པ་པོ་དང་བརྩམས་ཆོས་རྩེར་སོན་ཐོན་རྒྱུའི་རེ་འབོད་བྱེད་མྱོང་ཡོད།
          《ཕུའུ་ཧྲི་ཏེ་》ནི་སྙན་ངག་གི་ཐོག་ནས་བྲིས་པའི་ཟློས་གར་ཞིག་ཡིན་པ་ལས་དཔེ་ཁང་གི་ཅོག་ཙེའི་སྟེང་ཁོ་ན་ལྟ་ཀློག་བྱེད་པ་མ་ཡིན་པར་ཡོངས་བསྒྲགས་ཐོག་འཁྲབ་སྟོན་དང་ཁྱོན་ཡོངས་སུ་ཤུགས་རྐྱེན་ཐེབས་པའི་ཟློས་གར་ཆེན་པོ་ཞིག་རེད། 2000ལོར་ཧན་ནུའོ་ཝེ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་འཇར་མན་གྱི་སྐད་གྲགས་ཡོད་པའི་འཁྲབ་ཁྲིད་པ་ཧྲི་ཐའེ་ཨེན་གྱིས་《ཕུའུ་ཧྲི་ཏེ་》ཆ་ཚང་འཁྲབ་སྟོན་བྱེད་པའི་འགན་འཁུར་བ་དང་ཆབས་ཅིག་འཁྲབ་སྟོན་པ་གཙོ་བོ་35སྐོང་སྟེ་ཟློས་གར་ཁང་མང་པོར་རེས་མོས་ཐོག་དུས་ཡུན་ཉིན་གསུམ་རིང་ཆུ་ཚོད་ཁྱོན་22བེད་སྤྱད་དེ་《ཕུའུ་ཧྲི་ཏེའི་》རྣམ་པ་ཁྱོན་ཡོངས་དང་སྤྱིའི་ཆ་ནས་མངོན་པར་བྱས་ཡོད།
          《ཕུའུ་ཧྲི་ཏེའི་》བརྩམས་ཆོས་རྩེར་སོན་ཡིན་པ་ནི་དེའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་རེད། དེ་ནི་ཐམས་ཅད་མི་ཚུད་པའི་གནས་མེད་པའི་ཟློས་གར་ཆེན་པོ་ཞིག་ཡིན་པ་དེ་ཉིད་ཁྲོད་འཇིག་རྟེན་ཁམས་ཀྱི་མི་ཚེ་དང་མི་ཡུལ་གྱི་རྣམ་པ་ཀུན་བཀོད་ཡོད། སྐབས་དེར་ཀོ་ཏེའི་ཚེ་གང་གི་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་དགོས་པ་ནི། ཀོ་ཏེ་(1749ལོ་ནས་1832ལོ་བར)གོང་མའི་བཙན་རྒྱལ་གྲོང་ཁྱེར་མེ་དབྱིན་གཙང་འགྲམ་གྱི་ཧྥ་ལན་ཁེ་ཕུར་སྐྱེས་པ་དང་། ལོ་15ལ་སོན་སྐབས་ཁོང་ངོ་མས་བླ་ན་མ་མཆིས་པའི་རོ་མ་བཙན་རྒྱལ་གྱི་གོང་མ་ཁྲི་འདོན་མངའ་གསོལ་བྱས་པ་མིག་མཐོང་ལག་ཟིན་བྱུང་ཞིང་། ཁོང་ནི་ཁྲིམས་རིག་པའི་འབུམ་རམས་པ་ཡིན་པ་དང་སྐབས་དེའི་སློབ་ཆེན་གྱི་སྒྲིག་སྲོལ་ལ་གཞིགས་ན་ལ་ཏིན་སྐད་ཡིག་གི་ཐོག་ནས་དཔྱད་རྩོམ་བྲིས་པ་དང་རྩོད་ལན་ལེགས་གྲུབ་བྱུང་བ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔ་ས་ཁེ་སེན་ཝེ་མ་ཀུང་རྒྱལ་ཁབ་ཀྱི་བཀས་བཀོད་རྒྱུད་འཛིན་བློན་ཆེན་གྱི་འགན་འཁུར་ནས་ཞིང་ལས་སྒྱུར་བཅོས་དང་། དམག་བསྡུ། གཏེར་རི་དོ་དམ། ཀུང་རྒྱལ་ཁབ་ཀྱི་ནོར་དོན་བཅས་ཀྱི་འགན་འཁུར་བ་ཞིག་ཡིན་པ། ཧྥ་རན་སེའི་གསར་བརྗེ་ཆེན་པོའི་རིང་ཁོང་གིས་ཝེ་མ་ཏ་ཀུང་དང་མཉམ་དུ་ཕུའུ་ལུའུ་ཧྲི་དང་མཉམ་འབྲེལ་དམག་དཔུང་བཙུགས་ནས་ཧྥ་ལན་ཤིར་དམག་ལ་བསྐྱོད་དེ་མེ་དབྱིན་ཚེ་བསྐོར་རྡུང་བྱས་ཡོད། ཁོང་ནི་དངོས་མང་རིག་པ་མཁས་ཅན་ཡིན་པ་དང་ཚོན་མདོག་རིག་པ་དང་། གནམ་གཤིས། ས་ཁམས། རྩི་ཤིང་། སྲོག་ཆགས། མི་ལུས་གཤགས་དཔྱད་ཁྱབ་ཁོངས་སུ་ལྟ་ཞིབ་ཀྱི་ཟིན་ཐོ་འབོར་ཆེན་དང་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་མང་པོ་བཞག་ཡོད། ཁོང་གཞོན་ནུའི་དུས་སུ་རི་མོ་མཁས་ཅན་ཞིག་བྱེད་འདོད་ཡོད་པ་དང་ཕྱིས་སུ་དེབ་ཆེ་གྲས་མང་པོ་ཞིག་དང་། ཡུལ་ལྗོངས་རི་མོ་དང་། རང་བརྙན་འབྲི་བ། ཚན་རིག་དང་མཐུན་པའི་རིས་འབྲི་སོགས་500ལྷག་ཙམ་བཞག་ཡོད་པ་དེ་དག་ནང་《ཕུའུ་ཧྲི་ཏེའི་》གར་སྟེགས་ཇུས་འགོད་ཀྱི་ཇུས་གཞི་ཚུད་ཡོད། ཁོང་གིས་ལོ་ངོ་30ཙམ་རིང་ཝེ་མ་ཕོ་བྲང་གི་ཟློས་གར་ཁང་གི་འགོ་ཁྲིད་ཀྱི་འགན་འཁུར་བ་དང་སྐབས་འགར་འཁྲབ་སྟོན་པ་ཡང་བྱེད་མྱོང་ཡོད། གཞན་ཡང་ད་དུང་ཁོང་ལ་གྲངས་ལས་འདས་པའི་དགའ་གྲོགས་སྒྲིག་པའི་ལོ་རྒྱུས་ཡོད་པ་དེ་ལོ་བདུན་ཅུ་ཙམ་བར་རྒྱུན་སྲིང་ནས་བརྗོད་མི་ཚར་བ་ཞིག་ཡོད།
          《ཕུའུ་ཧྲི་ཏེ་》ཞེས་པའི་ནང་མི་སྣ་གཙོ་བོ་གཉིས་ཡོད་པ་ནི་ཕུའུ་ཧྲི་ཏེ་དང་མེ་ཧྥེ་སི་ཐེ་རེད། ཕུའུ་ཧྲི་ཏེ་ཞེས་པ་དེ་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་ཡོད་པའི་མི་ཞིག་ཡིན་ཞིང་། ཁོང་དང་མ་ཏིང·ལུའུ་ཏེ་(1483ལོ་ནས་1546ལོ་བར)མཉམ་དུ་དུས་རབས་གཅིག་ནང་འཚོ་བ་སྐྱེལ་མྱོང་ཡོད་པ་མ་ཟད། ཁོང་ནི་ལྷའི་རིག་པའི་འབུམ་རམས་པ་ཞིག་ཡིན་ལ་སྐར་དཔྱད་མཁས་པ་དང་རྫུ་འཕྲུལ་མཁས་ཅན་ཞིག་ཀྱང་རེད། འོན་ཀྱང་རྩོམ་རིག་གི་གཟུགས་བརྙན་ཞིག་ཡིན་པའི་ངོས་ནས་ཁོང་གཙོ་བོ་དུས་རབས་བཅུ་དྲུག་པའི་གཏམ་རྒྱུད་དེབ་ནང་འཁོད་ཡོད། གཏམ་རྒྱུད་དེབ་ནང་ཕུའུ་ཧྲི་ཏེ་ནི་མཁས་དབང་ཞིག་ཡིན་པས་འཇིག་རྟེན་ཁམས་ཀྱི་ངོ་མཚར་འཚོལ་ཞིབ་དང་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་གང་སར་བསྐྱོད་དེ་ངོ་མཚར་དང་རེ་བ་མཐའ་དག་སྐོང་ཆེད་རྫུ་འཕྲུལ་ངན་པའི་བསླུ་བྲིད་ལ་མ་བལྟོས་པར་གནོད་བྱེད་གདོན་བགེགས་དང་མནའ་འབྲེལ་དུ་ཞུགས་ཡོད།
            ལོ་ངོ་200གོང་གི་རྩེར་སོན་བརྩམས་ཆོས་ཤིག་གིས་ཆུ་ཁྲི་རི་སྟོང་གི་བར་ཆོད་པའི་རིག་གནས་མི་གཅིག་པའི་རྒྱལ་ཁབ་གཞན་གྱི་མི་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་དོན་ཅི་ཡིན་ནམ། དུས་ནམ་ཡང་མི་ལ་བསམ་གཞིག་བྱ་རྒྱུ་དེ་གནའ་དེང་དང་ཀྲུང་ཕྱི་གཅིག་མཚུངས་ཡིན་པ་ཕུད་ད་དུང་ལོ་རྒྱུས་དང་། ཕྱོགས་བསྡུས། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་འཇར་མན་ལ་ངོས་འཛིན་ཐུབ་པ་མ་ཟད། འཇར་མན་བའི་ལྟ་ཚུལ་དང་སེམས་ཁམས་ལའང་རྟོག་ཞིབ་བྱེད་ཐུབ། དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ལོ་རྒྱུས་ཀྱི་གོམ་སྟབས་མི་འདྲ་བའི་དབང་གིས་《ཕུའུ་ཧྲི་ཏེ་》ལས་ལོ་ངོ་200གོང་གི་འཇར་མན་གྱི་གནད་དོན་མངོན་པ་དེ་ནི་མིག་སྔའི་རང་རྒྱལ་གྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་འཕྲད་པའི་དངོས་ཡོད་གནད་དོན་ཞིག་ཡིན་པ་ནི་དཔེར་ན། ཀོ་ཏེས་ཤོག་སྒོར་འགྲེམས་སྤེལ་དང་ཚན་རྩལ་ཡར་རྒྱས་སོགས་ཐད་སེམས་ཁྲལ་བྱེད་པ་དེ་དེང་གི་མི་ཚོའི་ལྟ་ཚུལ་ཡང་ཡིན་པ་ནི་དུས་རབས་མང་པོ་ལས་བརྒལ་ནས་དེས་མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།