འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བྱེ་རླུང་འཚུབ་པའི་ཁུལ་དུ་ལྗང་མདོག་ཁྱིམ་གཞིས་བསྐྲུན།

    —— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་ལོ་53རིང་ཤིང་འཛུགས་བྱེ་བཅོས་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤིང་འཛུགས་བྱེ་བཅོས་ནི་ལོ་དང་ཟླ་བ་བསྟུད་ནས་སྒྲུབ་དགོས་པའི་ཁྱིམ་གཞིས་སྲུང་སྐྱོང་གི་དམག་འཐབ་ཅིག་རེད། གཡུལ་ས་དེ་རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་ལྷུན་རྩེ་ལུང་གཞུང་དུ་ཡིན་པ་དང་དམག་འཐབ་ནང་ཞུགས་མཁན་ནི་ས་གནས་འདི་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཡིན། ཁོང་ཚོའི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལས་སྣོད་བཅུད་ཀྱི་ངོ་མཚར་ཞིག་བཏོད་ཡོད།
         དེ་ནི་མེ་རྫས་ཀྱི་དུ་ཞག་མེད་པའི་ལྗང་མདོག་གི་གཡུལ་འགྱེད་ཅིག་རེད། ལོ་50རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མི་རབས་ནས་མི་རབས་བར་གྱི་ལྷུན་རྩེ་བས“ལྗང་མདོག་རྒྱུན་མཐུད”ཐུབ་པ་བྱས་ཏེ་བྱེ་རླུང་དྲག་པོ་འཚུབ་པའི་སྐྱ་ཐེར་ཐེར་གྱི་ས་ཆ་དེ་སྔོ་ཁེབས་ཀྱིས་ཁེངས་པའི“ལྗང་མདོག་ལུང་གཞུང”དུ་གྱུར་ཡོད།
         “ད་དུང་ཤིང་འཛུགས་ནགས་བཟོ་མ་བྱས་ན་ཁྱིམ་གཞིས་ཀྱང་གནས་ཐུབ་པ་མི་འདུག”
         ལོ་70ལ་སླེབས་པའི་རྒད་པོ་བསོད་ནམས་ལྷ་རྒྱལ་གྱིས་ལོ་50ཡི་གོང་གི་གནས་ཚུལ་དེ་དག་ད་དུང་གསལ་པོ་དྲན་གྱི་ཡོད། “སྐྱ་ཐེར་ཐེར་གྱི་རི་བོར་ཕྱུགས་འཚོ་ཐབས་བྲལ་བ་དང་ཁྱིམ་ཚང་རེར་མུའུ་འགའ་ཞིག་ལས་མེད་པའི་རྨོ་ཞིང་ཡང་བྱེ་མས་བསྣུབས་ཀྱི་ཡོད། གལ་སྲིད་ད་དུང་ཤིང་འཛུགས་ནགས་བཟོ་མ་བྱས་ན་ཁྱིམ་གཞིས་ཀྱང་གནས་ཐུབ་པ་མི་འདུག”ཅེས་རྒད་པོས་བཤད། སྐབས་དེར་ལྷུན་རྩེའི་ལུང་གཞུང་དུ་ལོ་གཅིག་ནང་བྱེ་རླུང་འཚུབ་པའི་གནམ་གཤིས་ཟླ་བ་བརྒྱད་ཙམ་བསྟན་གྱི་ཡོད། བྱེ་རླུང་འཚུབ་ཐེངས་རེར་ཞིང་ནང་དུ་བྱེ་རྡུལ་དང་སྡོད་ཁང་ཉེ་འཁོར་དུ་བྱེ་མས་ཁེངས་ཀྱི་ཡོད།
         1964ལོར་སྐབས་འདི་དུས་ཀྱི་ལྷུན་རྩེ་རྫོང་ཞིང་པ་ཤང་གི་ཤང་ཀྲང་ལྷ་འཛོམས་ནང་སར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཁོང་གིས་སྔོ་ལྗང་ལྗོན་ཤིང་སྣ་ཚོགས་མཐོང་སྐབས་ཤིང་འཛུགས་ནགས་བཟོ་བྱས་ན་ས་ཆ་བྱེ་ཐང་ཅན་དུ་གྱུར་པའི་སྣང་ཚུལ་བཅོས་སྒྲིག་ཐུབ་པ་ཤེས་ནས་ཕ་ཡུལ་དུ་ལོག་རྗེས“བྱེ་རླུང་འགོག་དགོས་ན་ཤིང་འཛུགས་མང་ཙམ་བྱེད”ཅེས་པའི་འབོད་ཚིག་ཀྱང་བཏོན་པ་རེད།
         དེ་རྗེས་ལྷ་འཛོམས་ཀྱིས་མང་ཚོགས་ཀྱི་སྣེ་འཁྲིད་ནས་ཞིང་པ་ཤང་མང་མཚོ་གྲོང་ཚོའི་བྱེ་ཐང་ཐོག་གླ་ཚེར་དང་སྦྱར་པ་སོགས་རྩི་ཤིང་མུའུ་60ཚོད་འདེབས་བྱས་པས་ལོ་དེར་90%ཡན་གསོན་ཐུབ་ཡོད། སྐྱེ་འཚར་ཡག་པོ་བྱུང་བའི་སྡོང་ཕྲུག་དེ་དག་མཐོང་སྐབས་ཡུལ་མི་ཚོ་ཧ་ཅང་དགའ་པོ་བྱུང་ནས་གང་སར་གཏམ་བཟང་དེ་བརྗོད།
         མུའུ་60ཡི་ནགས་ས་ཆུང་ཆུང་དེས་བྱེ་རླུང་འགོག་ག་ལ་ཐུབ། 1966ལོར་སྔར་བཞིན་ལྷུན་རྩེའི་བྱེ་རླུང་འཚུབ་པའི་གནམ་གཤིས་ལ་གཞི་རྩའི་ཆ་ནས་འགྱུར་ལྡོག་གཏོང་ཐུབ་མེད་ལ། ཐ་ན་རྫོང་གྲོང་དང་ས་ཁོངས་ནང་གི་གྲོང་གསེབ་ལའང་ཉེན་ཁ་བཟོས་ཡོད།
         “ད་དུང་ཤིང་འཛུགས་ནགས་བཟོ་བྱ་རྒྱུར་ཤུགས་སྣོན་མ་བརྒྱབ་ན་ང་ཚོ་སྔར་ན་མེད་པའི་ཉེས་ཅན་དུ་འགྱུར་ངེས་རེད”ཅེས་ལྷ་འཛོམས་ཀྱི་སྐད་ཆ་དེ་ཡུལ་མི་ཚོའི་སེམས་སུ་ཟུག་ནས་ལྗང་མདོག་གི་དམག་འཐབ་ཅིག་ལྷུན་རྩེའི་ལུང་གཞུང་དུ་རྒྱག་འགོ་ཚུགས།
         ངལ་དུབ་ཀྱིས་མནར་ནས་འཆི་དགོས་བྱུང་ན་ཡང་བྱེ་རླུང་གི་མནར་གཅོད་ཡེ་ནས་ཁུར་འདོད་མེད།
         ལྷུན་རྩེ་རྫོང་འདི་ཉིད་མཐོ་གྲང་སྐམ་ཁུལ་སུ་གནས་པས་ལྗོན་ཤིང་མི་ཉུང་བ་ཞིག་སོན་ཐབས་བྲལ། མི་འགའ་ཞིག་གིས་ཕྲུ་གུ་གསོ་བ་ལས་ལྗོན་ཤིང་ཞིག་གསོ་བ་དཀའ་ཞེས་བསྟན་ཤིག་དང་སྦྲགས་ནས་ཤོད་ཀྱི་ཡོད།
         མི་རྣམས་ཀྱི་སྔོ་ལྗང་ལ་བཅངས་པའི་སྐོམ་པ་ཆུ་འདོད་ལྟར་གྱི་སྙིང་སྟོབས་དེ་ནས་མངོན། སྡོང་རྐང་མེད་ན་རི་ཀླུང་བརྒལ་ནས་འཚོལ་བར་འགྲོ་བ་དང་མི་སྣ་སྒྲིག་འཛུགས་བྱས་ཏེ་འཚོལ་བསྡུ་དང་འདེབས་འཛུགས་བྱེད་པ་དང་། ཐེར་གེ་མེད་ན་ཕྲག་ཐོག་ཏུ་འཁུར་གྱི་ཡོད། སྔ་དགོང་གང་ཞིག་ཏུའང་ཚང་མ་བྱེ་རླུང་ཁྲོད་ལས་ཀར་བྲེལ་བ་དང་ངོ་གདོང་རྔུལ་ཆུ་དང་འདམ་པས་ཁེངས་ཤིང་མཆིས།
         ཡུལ་མི་ཚོས་གཙང་འགྲམ་འཐབ་ས་དང་། ཟ་ཁང་། སློབ་ཁང་སོགས་སུ་བརྩིས་ནས་ཤིང་འཛུགས་བྱེད་པའི་བརྒྱུད་རིམ་ནང་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་བྱེད་བཞིན་དུ་ཤིང་འཛུགས་བྱེད་ཀྱི་ཡོད། ལྟོགས་ན་རྩམ་པ་ཁ་གང་འགམ་པ་དང་སྐོམ་ན་ཇ་ཐང་ཕོར་པ་གང་འཐུང་གི་ཡོད། ཉི་མས་འཚིག་ནས་ངོ་གདོང་སྨུག་པོར་གྱུར་པ་དང་། མཆུ་ཏོ་སྐམ་ནས་ཁྲག་དོན་པ། ལག་པར་ཤ་རོ་སྐྱེས་པ་སོགས་བྱས་ཀྱང་ཚང་མས་སྨྲེ་ངག་གཅིག་ཀྱང་འདོན་གྱི་མེད།
          ལྷ་འཛོམས་ཀྱི་ལག་གཡོན་མ་ཐང་པོ་མེད་རུང་ལས་ཀར་གཡོ་ཟོལ་གཏན་ནས་བྱེད་ཀྱི་མེད། ས་དོང་འདྲུ་མི་ཐུབ་ཚེ་ཁོ་མོས་པུས་མོ་བཙུགས་ནས་ལག་པས་རྡོ་ཧྲུག་དང་ས་སྔོག་གི་ཡོད། དེར་བརྟེན་ལག་པར་ཆུ་ལྒང་ཐོན་པ་དང་དེ་དག་ཡལ་རྗེས་ཚང་མ་ཤ་རོར་གྱུར།
         གྲམ་ཐང་ཐོག་ཤིང་འཛུགས་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་ཡེ་ནས་མིན། “ཁ་ས་འདྲུས་པའི་ས་དོང་དག་མཚན་མོ་བྱེ་རླུང་འཚུབ་ནས་བཀབ་པ་དང་བཏབ་མ་ཐག་པའི་སྡོང་རྐང་ཉིན་གཉིས་པར་རྩ་བཀོག་གཏོང་གི་ཡོད”ཅེས་འདི་ལོ་ལོ་77ལ་སླེབས་པའི་ལྷུན་རྩེ་རྫོང་གི་དེ་སྔའི་རྫོང་ཨུད་ཧྲུའུ་ཅི་སྟོབས་རྒྱལ་གྱིས་དྲན་གསོ་བྱས་ནས་བརྗོད།
         བློ་ཕམ་ཆེན་པོ་ནི་རི་རྒྱལ་ལྷུན་པོ་བཞིན་ལྷུན་རྩེ་རྫོང་གི་ལས་བྱེད་མང་ཚོགས་ཚོའི་ཕྲག་ཐོག་ཏུ་བབས། འོན་ཀྱང་ཁོང་ཚོའི“ངལ་དུབ་ཀྱིས་མནར་ནས་ཤི་དགོས་བྱུང་ན་ཡང་བྱེ་རླུང་གི་མནར་གཅོད་ཡེ་ནས་འཁུར་འདོད་མེད་པའི”བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ལས། ལྷུན་རྩེ་བ་ཚོས་ཤིང་འཛུགས་ཡོ་ཆས་འཁྱེར་ཏེ་སླར་ཡང་ཤིང་འཛུགས་ཀྱི་ལས་ལ་གཞོལ་འགོ་ཚུགས།
         ལྷུན་རྩེ་བ་ཚོས་འཚོལ་ཞིབ་དང་ཕམ་ཉེས་ཁྲོད་ཤིང་རྩྭ་ཟུང་འབྲེལ་དང་། རྩྭ་རར་བརྟེན་ནས་ནགས་ར་སྲུང་སྐྱོང་། ནགས་རར་བརྟེན་ནས་བྱེ་འཇགས་བཅས་ཀྱི་བཅོས་སྒྲིག་བྱེད་ཐབས་རིམ་གྱིས་ཕྱོགས་སྡོམ་བྱས་ཡོད།
         ལྗང་མདོག་འདུ་ཤེས་ལས“ལྗང་མདོག་འབྱུང་འགྱུར”གཏོད་པ།
         ད་ཆ་ལྷུན་རྩེའི་སྣོད་བཅུད་ཁོར་ཡུག་ཐད“གཅིག་འཕར་གཅིག་ཆག”གི་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། ནགས་ཚལ་ཁྱབ་ཚད་31.5%བར་འཕར་བ་དང་ལོར་བྱེ་རླུང་འཚུབ་པའི་ཉིན་གྲངས་ཉིན་20ལྷག་ཙམ་བར་ཆག་ཅིང་། གཞི་ཁྱོན་ཆེ་བའི་རི་རྒོད་དང་ཐང་རྒོད་དུ་ཤིང་ནགས་ཀྱིས་ཁེངས་ཡོད།
         “རང་བྱུང་ཁོར་ཡུག་ལེགས་སུ་ཕྱིན་པས་འབྲུ་རིགས་ཐོན་འབོར་མང་དུ་ཕྱིན་པ་དང་ཕྱུགས་འཚོ་ས་རྒྱ་ཆེར་ཕྱིན་པ་མ་ཟད། ལྷགས་པ་རྒྱག་སྐབས་ལོ་འདབ་གཡོ་བའི་སྐད་ལས་བྱེ་རླུང་མཐོང་རྒྱུ་མེད་སྟབས་རྒན་རྒོན་གྱི་དབུགས་འཚང་བའི་ནད་ཀྱང་ལངས་ཀྱི་མེད”ཅེས་ད་ཆ་ལྷུན་རྩེའི་འགྱུར་ལྡོག་སྐོར་གླེང་སྐབས་ལྷུན་རྩེ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་བཟང་པོས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
         ཤིང་འཛུགས་བྱེ་བཅོས་ལས་སྔོ་ཁེབས་མང་དུ་ཕྱིན་པ་མ་ཟད། ལྷུན་རྩེ་བ་ཚོའི་སེམས་ནང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱང་འཕེལ།
         ལོ་མང་རིང་ལྷུན་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཡུལ་དེའི“ལྗང་མདོག་རྒྱུན་མཐུད”ཐད་དོན་སྙིང་གསར་པ་བསྣན་པ་དང་ཤིང་ནགས་སྣོད་བཅུད་དུ་འགྱུར་བ་དང་། སྣོད་བཅུད་ཐོན་ཁུངས་སུ་འགྱུར་བ། ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ། རྒྱུ་ནོར་ལས་སྣོད་བཅུད་འགན་ལེན་བྱེད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་དང་ཆགས་བཞིན་ཡོད།
         ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ལྷུན་རྩེའི“མིས་ལྕང་མ་འཛུགས་པ”དང“ལྕང་མས་མི་གསོ་བའི”ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ལས་བྱུང་བའི“སྣོད་བཅུད་ཀྱི་ཁེ་སྤོགས”སྔར་བས་མངོན་ཡོད།
         དབྱར་གཞུང་དུ་ལྷུན་རྩེ་རྫོང་སྦྲ་སྒོར་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་སྐབས་དེར་སུར་པན་དང་། ཧོང་ཀྭ ཤིས་ཀྭ་སོགས་སྔོ་ཚལ་དང་ཤིང་ཏོག་གི་ཡལ་འདབ་རྒྱས་པ་དང་སྐྱེ་ཚུལ་ཡག་པོ་ཤེས་བྱུང་ཡོད་པ།
         “ད་ཆ་ང་ཚོའི་གྲོང་ཚོའི་རི་ལྡེབས་སུ་ཤིང་ནགས་ཀྱིས་ཁེངས་པ་དང་ཕྱུགས་རའི་ནང་ནོར་ལུག་ཁྱུ་ཡིས་ཁེངས་ཡོད། ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པ་དང་ཡོང་འབབ་ཀྱང་མང་པོ་ཡོད། དེ་དག་ཚང་མ་བྱེ་བཅོས་དང་ཁ་འབྲལ་ཐབས་མེད”ཅེས་ཚལ་འཐུ་བཞིན་པའི་གྲོང་མི་ནོར་བུས་དགའ་སྤྲོའི་ངང་བཤད།
         ལོ་53རིང་གི“ལྗང་མདོག་རྒྱུན་མཐུད”ལས་ལྷུན་རྩེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱུན་མཐུད་དེ་ནི་ནམ་ཡང་རྫོགས་མཐའ་མེད་ལ། ལྷུན་རྩེ་བ་ཚོས་ནམ་དུས་ཡིན་ཡང“ལྗང་མདོག”སྲུང་སྐྱོང་བྱེད་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།