འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བཀྲས་ལྷུན་དགོན་གྱི་བཀའ་འགྱུར་ལྷ་ཁང་ལས་མཇུག་འགྲིལ་བ་དང་པཎ་ཆེན་སྐུ་ཕྲེང་བཅུ་
    གཅིག་པས་རབ་གནས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན། དུང་རྒྱ་གླིང་གི་སྒྲ་ལྷང་ལྷང་གྲགས་པ་དང་དྲི་བསང་གི་དུ་སྤྲིན་ལང་ལོང་དུ་འཕྱུར་བ་དང། གཞིས་རྩེ་བཀྲས་ལྷུན་དགོན་གྱི་བཀའ་འགྱུར་ལྷ་ཁང་དངོས་སུ་ལས་མཇུག་འགྲིལ་བ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བཀའ་འགྱུར་ལྷ་ཁང་ལ་རབ་གནས་གནང་བ་རེད།
         བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་དང་བླ་མ་སྐྱེས་ཆེན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་བཀའ་འགྱུར་ལྷ་ཁང་གི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་གནང་རྗེས་ལས་མཇུག་འགྲིལ་བའི་མཛད་སྒོ་འཚོགས་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་གཞིར་བཟུང་བཀའ་འགྱུར་ལྷ་ཁང་ལ་རབ་གནས་གནང་བ་རེད།
         བཀྲས་ལྷུན་དགོན་གྱི་བཀའ་འགྱུར་ལྷ་ཁང་(སྐལ་བཟང་ཟིལ་འབར་ལྷ་ཁང་)དེ་བྱམས་ཁང་དང་རྣམ་རྒྱལ་མའི་ལྷ་ཁང་གི་དབུས་སུ་ཡོད་པ་དང་དེ་སྔ་པཎ་ཆེན་སྐུ་ཕྲེང་བདུན་པའི་གདུང་རྟེན་གྱི་གནས་ཤུལ་རེད། བོད་བརྒྱུད་ནང་བསྟན་རིག་གནས་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་རྒྱུན་འཛིན་དང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་སྐོང་ཆེད་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད་བཀྲས་ལྷུན་དགོན་གྱི་བཀའ་འགྱུར་ལྷ་ཁང་2015ལོའི་ལོ་མཇུག་ཏུ་བསྐྲུན་འགོ་ཚུགས་པ་རེད། ཐོག་སོ་གསུམ་ཡོད་པའི་བཀའ་འགྱུར་ལྷ་ཁང་དེ་རྡོ་དང་ཤིང་ལས་གྲུབ་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་1000ཙམ་ཡོད་པ་རེད། ལྷ་ཁང་གི་མཛེས་བཟོ་དང་། ཚོན། ལྡེབས་རིས། དཔེ་ཆ། སྐུ་འདྲ་བཅས་ལ་བཏང་བའི་དངུལ་ཚང་མ་བཀྲས་ལྷུན་དགོན་གྱིས་རང་གྲབས་བྱས་པ་ཞིག་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དཔེ་ཆ་ལེགས་སྒྲིག་དང་འཇོག་པའི་ལས་དོན་སྤེལ་བཞིན་ཡོད་པ་དང་བཀའ་འགྱུར་ལྷ་ཁང་དེ་དགོན་པའི་དགེ་འདུན་དམངས་དཔེ་ཆ་ལྟ་ཀློག་བྱེད་ས་དང་ཐོས་བསམ་སྒོམ་གསུམ་ལ་གཞོལ་ནས་བསྟན་པ་དར་སྤེལ་གཏོང་སའི་གནས་ཁྱད་པར་ཅན་དུ་འགྱུར་རྒྱུ་རེད།
         ཉིན་ཤས་གོང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་སོགས་སུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་དང་བོད་ཀྱི་ཏང་སྲིད་དམག་བཅས་ཀྱི་འགན་འཁུར་བ་དང་དགོན་སྡེ་ཆེ་ཁག་གི་བླ་མ་དང་དད་ལྡན་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྔ་རྗེས་སུ་གཙུག་ལག་ཁང་དང་བཀྲས་ལྷུན་དགོན་སོགས་སུ་རྟེན་མཇལ་ཕྱག་མཆོད་གནང་བ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བའི་ཐོག་མཇལ་ཁ་ཞུ་མཁན་སེར་སྐྱ་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།