འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས་དྲ་སྦྲེལ་ཞལ་འདེབས་ཆ་འཕྲིན་ལས་སྟེགས་ཀྱི་ལས་རིགས་ཚད་གཞི་ཁག་
    གཉིས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། དམངས་སྲིད་པུས་《དགེ་སྒྲུབ་རྩ་འཛུགས་ཀྱི་དྲ་སྦྲེལ་ཡོངས་བསྒྲགས་ཞལ་འདེབས་ཆ་འཕྲིན་ལས་སྟེགས་ཀྱི་གཞི་རྩའི་ལག་རྩལ་ཚད་གཞི་》དང་《དགེ་སྒྲུབ་རྩ་འཛུགས་ཀྱི་དྲ་སྦྲེལ་ཡོངས་བསྒྲགས་ཞལ་འདེབས་ཆ་འཕྲིན་ལས་སྟེགས་ཀྱི་གཞི་རྩའི་དོ་དམ་ཚད་གཞི་》(གཤམ་དུ་《གཞི་རྩའི་ལག་རྩལ་ཚད་གཞི་》དང་《གཞི་རྩའི་དོ་དམ་ཚད་གཞི་》ཞེས་བསྡུ་རྒྱུ)ཁག་གཉིས་ཀྱི་འོས་སྦྱོར་རང་བཞིན་གྱི་ལས་རིགས་ཚད་གཞི་ཡོངས་བསྒྲགས་བྱས་པ་མ་ཟད། 2017ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
         《གཞི་རྩའི་ལག་རྩལ་ཚད་གཞིའི་》ནང་ནུས་པ་དང་། བདེ་འཇགས། འཁོར་རྒྱུག་ཉམས་བཟོ་སོགས་ཀྱི་ལས་སྟེགས་ཀྱི་གཞི་རྩའི་ལག་རྩལ་བླང་བྱ་དང་དགེ་སྒྲུབ་རྩ་འཛུགས་ཀྱི་དྲ་སྦྲེལ་ཡོངས་བསྒྲགས་ཀྱི་ཞལ་འདེབས་ལས་སྟེགས་འདུན་ཞུར་འཚམ་པའི་འཆར་འགོད་དང་། གསར་སྤེལ། སྒྱུར་བཀོད་བཅས་དང་། དེ་བཞིན་གདམ་གསེས་གཏན་འཁེལ་དང་རྒྱུན་གཏན་གྱི་འཁོར་རྒྱུག་བཅས་གཏན་འབེབས་བྱས་ཡོད། གཙོ་བོ་གཞི་རྩའི་བླང་བྱ་(ཚད་མཐུན་རང་བཞིན་དང་། དང་ལེན་རང་བཞིན། བརྟན་པོའི་རང་བཞིན། རྒྱ་སྐྱེད་རང་བཞིན། གྲངས་གཞིའི་མཐུད་ཁ། ཉིན་ཐོ་འགོད་པ་བཅས་དང་འབྲེལ་བ་ཡོད་པའི་དམིགས་ཚད་ཁག་དྲུག་)དང་། ནུས་པ་གསར་སྤེལ་གྱི་བླང་བྱ(རྨང་གཞིའི་ནུས་པ་དང་། ཡོངས་བསྒྲགས་ངང་ཞལ་འདེབས་འབུལ་བའི་བྱེད་སྒོའི་དོ་དམ། རྒྱབ་ཕྱོགས་དོ་དམ་བཅས་དང་འབྲེལ་བ་ཡོད་པའི་ནུས་པ་ཁག་གསུམ་) བདེ་འཇགས་ཀྱི་བླང་བྱ་(དངོས་ཁམས་བདེ་འཇགས་དང་། མཉེན་ཆས་དང་མཁྲེགས་ཆས་ཀྱི་བདེ་འཇགས། གྲངས་གཞིའི་བདེ་འཇགས། བདེ་འཇགས་ལས་འཛོལ་དང་དེ་བཞིན་དང་ལེན་བཅས་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཁག་4)འཁོར་རྒྱུག་སྲུང་སྐྱོང་གི་བླང་བྱ་བཅས་ནང་དོན་ཆེ་བ་ཁག་བཞི་དང་ནང་གསེས་དོན་ཚན་31ལས་གྲུབ་པ་དང་ལག་རྩལ་ཐད་ལས་སྟེགས་འཛུགས་སྐྲུན་དང་འཁོར་རྒྱུག་ལ་ཚད་ལྡན་གྱི་བླང་བྱ་བཏོན་པ་རེད།
         《གཞི་རྩའི་དོ་དམ་ཚད་གཞིའི་》ནང་གཏན་འཁེལ་དང་། འཁོར་རྒྱུག ཞབས་ཞུ། ལྟ་སྐུལ་དོ་དམ་སོགས་ཀྱི་ལས་སྟེགས་ཀྱི་གཞི་རྩའི་དོ་དམ་བླང་བྱ་གཏན་འཁེལ་དང་ལས་སྟེགས་གཏན་འཁེལ་དང་། རྒྱུན་ལྡན་གྱི་གཉེར་སྐྱོང་། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་བཅས་ལ་འཚམ་པའི་ལྟ་སྐུལ་དོ་དམ་གཏན་འབེབས་བྱས་པ་རེད།
         ལས་རིགས་ཚད་གཞི་ཁག་གཉིས་ནང་ལས་སྟེགས་སུ་ཞལ་འདེབས་འབུལ་མཁན་གཙོ་བོ་ནི་ཡོངས་བསྒྲགས་ངང་ཞལ་འདེབས་འབུལ་བའི་ཐོབ་ཐང་ལྡན་པའི་དགེ་སྒྲུབ་རྩ་འཛུགས་དང་། ལས་སྟེགས་ལ་ཡོངས་བསྒྲགས་ངང་ཞལ་འདེབས་འབུལ་བའི་ཐོབ་ཐང་མི་ལྡན་པའི་རྩ་འཛུགས་གཞན་དང་མི་སྒེར་ཡིན་དགོས་པ་དང་། ལས་སྟེགས་ཀྱིས་དགེ་སྒྲུབ་རྩ་འཛུགས་ཀྱི་ཐོ་འགོད་ལག་ཁྱེར་དང་ཡོངས་བསྒྲགས་ངང་ཞལ་འདེབས་འབུལ་བའི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་ར་འཕྲོད་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ལས་རིགས་ཚད་གཞི་ཁག་གཉིས་ནང་ལས་སྟེགས་ཀྱིས་དྲ་རྒྱའི་བདེ་འཇགས་དོ་དམ་ལ་སྣང་ཆེན་བྱས་ནས་དྲ་ཚུགས་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་(ICPལག་ཁྱེར་)རག་པ་བྱེད་པའམ་ཡང་ན་ཐོ་འགོད་བྱེད་དགོས་པ་དང་ཆ་འཕྲིན་བདེ་འཇགས་ཀྱི་སྲུང་སྐྱོང་རིམ་པ་གསུམ་པ་ལས་དམའ་མི་རུང་བའི་བླང་བྱ་བཏོན་པ་རེད།
         ལས་རིགས་ཚད་གཞི་ཁག་གཉིས་ནང་ཡོངས་བསྒྲགས་ངང་ཞལ་འདེབས་འབུལ་བའི་ཆ་འཕྲིན་དེ་ཚོང་ལས་གྲབས་དངུལ་དང་། དྲ་རྒྱའི་རོགས་རམ། མི་སྒེར་གྱི་རོགས་སྐྱོབ་སོགས་ཆ་འཕྲིན་གཞན་དང་མཉམ་བསྲེས་བྱེད་མི་ཆོག་པའི་གཏན་འབེབས་བྱས་པ་རེད།
         ལས་རིགས་ཚད་གཞི་ཁག་གཉིས་ནང་ལས་སྟེགས་ནས་འགུལ་རྣམ་དོ་དམ་དང་། ལས་རིགས་གཅུན་འདོམས། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱེད་དགོས་པ་དང་། གལ་སྲིད་དགེ་སྒྲུབ་རྩ་འཛུགས་ཀྱིས་ཡོངས་བསྒྲགས་ངང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་སྐབས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐོན་ཚེ་ལས་སྟེགས་ནས་དམངས་སྲིད་སྡེ་ཚན་ལ་དུས་ཐོག་ཏུ་སྙན་ཞུ་འབུལ་དགོས་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།