འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་སྲིད་འཛིན་ཏང་གིས་ཞ་པ་ཙི་ཞེ་ལེ་ཧྥུའུ་ཙུང་ལི་གསར་བར་འོས་སྦྱོར་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 17:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕ་ཁི་སི་ཐན་གྱི་སྲིད་འཛིན་ཏང་མུའུ་སི་ལིན་མནའ་འབྲེལ་གྱིས་ཚེས་ཉེར་དགུ་ཉིན་བསྒྲགས་རྒྱུར། ཁོ་ཚོས་ཕང་ཀྲིག་ཕུའུ་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཞ་པ་ཙི་ཞེ་ལེ་ཧྥུའུ་ཙུང་ལི་གསར་བར་འོས་སྦྱོར་བྱས་པ་དང་། སྔོན་ཆད་ཀྱི་རྡོ་སྣུམ་དང་རང་བྱུང་ཐོན་ཁུངས་པུའུ་ཀྲང་ཧྲ་ཞི་ཏི་ཨ་པ་ཞི་བར་བརྒལ་ཙུང་ལི་ལ་འོས་སྦྱོར་བྱས་པ་ཡིན་ཟེར།
         ཕ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ལི་ཞེ་ལེ་ཧྥུའུ་ཡིས་ཉིན་དེར་དབྱི་སི་ལན་པའོ་ནས་འགོ་འཛིན་བྱས་ཏེ་མུའུ་སི་ལིན་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་པ་མ་ཟད། ཚོགས་འདུའི་རྗེས་སུ་གོང་གི་ཐག་གཅོད་དེ་ཁྱབ་སྒྲོག་བྱས། གྲོས་ཚོགས་སྟེང་རྒྱལ་ཚོགས་ཀྱིས་ཞ་པ་ཙི་ཡིས་ཙུང་ལིའི་འགན་འཁུར་བར་ཆོག་མཆན་མ་བཀོད་པའི་སྔོན་ལ། ཧྲ་ཞི་ཏི་ཨ་པ་ཞི་ཡིས་བར་བརྒལ་ཙུང་ལིའི་འགན་ཁུར་རྒྱུའི་ཐག་བཅད།
         ཕ་ཁི་སི་ཐན་གྱི་བཅའ་ཁྲིམས་ལྟར་ན། ཙུང་ལིའི་གདམ་མི་ནི་ངེས་པར་དུ་རྒྱལ་ཚོགས་ཀྱི་གྲོས་མི་ཡིན་དགོས། ཞ་པ་ཙི་མིག་སྔར་རྒྱལ་ཚོགས་ཀྱི་གྲོས་མི་མིན་པས། ཁོ་ལ་ཐོག་མར་རྒྱལ་ཚོགས་ཀྱི་གྲོས་མིའི་ཐོབ་ཐང་ཐོབ་རྗེས་ད་གཟོད་ཙུང་ལིའི་འགན་ཁུར་ཆོག
         གཞན་ཡང་ཕ་ཁི་སི་ཐན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཧྲི་ཞི་ཏི་ཨ་པ་ཞི་ཡི་བར་བརྒལ་ཙུང་ལིའི་འགན་ཡུན་ཉིན་ཞེ་ལྔ་མ་གཏོགས་མེད་ལ། དེའི་སྐབས་སུ་ཞ་པ་ཙི་ཡིས་ཙུང་ལིའི་འགན་འཛིན་པའི་འགྲོ་ལུགས་ཡོངས་སུ་བསྒྲུབ་ཚར་དགོས་ཟེར།
         ད་ལོར་ལོ་རེ་དྲུག་ལ་བུད་པའི་ཞ་པ་ཙི་ནི་སྔོན་ཆད་ཀྱི་ཙུང་ལི་ཞེ་ལེ་ཧྥུའུ་ཡི་ནུ་བོ་ཡིན་ལ། ཕ་ཁི་སི་ཐན་གྱི་དར་རྒྱས་ཆེས་ཆེ་བའི་ཕང་ཀྲིག་ཕུའུ་ཞིང་ཆེན་ནས་དབུ་བཞུགས་པུའུ་ཀྲང་གི་འགན་འཁུར་ཡོད་པ་དང་། སྲིད་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས། དབྱེ་ཞིབ་མི་སྣས་བཤད་རྒྱུར། མུའུ་སི་ལིན་མནའ་འབྲེལ་གྱིས་རྒྱལ་ཚོགས་ཁྲོད་དུ་གོ་གནས་མང་ཆེ་ཤོས་བཟུང་ཡོད་པ་མ་ཟད། སྲིད་འཛིན་མནའ་འབྲེལ་སྲིད་ཏང་གཞན་པའི་རྒྱབ་སྐྱོར་ཡང་ཐོབ་ཡོད་པས། ཞ་པ་ཙི་ཡིས་ཙུང་ལིའི་འགན་ཁུར་བར་དཀའ་ངལ་དེ་ཙམ་མེད་ཟེར།
      

    ཕྱོགས་བསྡུས་གསར་འགྱུར།