འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སློབ་མ་ཞིག་ཆིན་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 17:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཉེ་ཆར། བོད་ལྗོངས་ལྷ་ས་ནས་ཡིན་པའི་སློབ་མ་ཚེ་བརྟན་གཡང་སྐྱིད་ལགས་ལ་ཆིན་ཧྭ་སློབ་ཆེན་ནས་བསྐུར་བའི་སློབ་བསྡུའི་བརྡ་ཐོ་འབྱོར་བ་དང་། ཁོང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། 
         ཚེ་བརྟན་གཡང་སྐྱིད་ད་ལོ་ལོ་16ཡིན་ཞིང་། ཁོང་གི་ཨ་ཕ་ནི་སྤྱི་བདེ་མི་སྣ་ཞིག་དང་ཨ་མ་ནི་རིག་རྩལ་བྱ་བ་བྱེད་མཁན་དཀྱུས་མ་ཞིག་ཡིན་པ་རེད།
    ཚེ་བརྟན་གཡང་སྐྱིད་ཀྱི་ཨ་ཕས་གསར་འགོད་པར། གཡང་སྐྱིད་ཀྱི་སྦྱངས་འབྲས་རྒྱུན་དུ་ལེགས་པོ་ཡོད་པ་དང་། དགེ་རྒན་གྱིས་ནང་སའི་བོད་ལྗོངས་འཛིན་གྲྭར་སོང་ན་སློབ་གསོའི་ཆ་རྐྱེན་ཡག་པོ་ཡོད་ཚུལ་གསུངས་བྱུང་། ཡིན་ནའང་ངས་བུ་མོས་འདི་ནས་བོད་ཡིག་ཡག་པོ་སྦྱོང་ཐུབ་ན་བསམ་བྱུང་ཞེས་བཤད་ཡོད་པ་རེད།
     སློབ་ཆུང་ལོ་རིམ་ལྔ་པ་བཏོན་ཚར་རྗེས། ཚེ་བརྟན་གཡང་སྐྱིད་ཀྱི་སྦྱངས་འབྲས་ལེགས་པའི་རྐྱེན་གྱིས་ཡིག་ཚད་བཏང་བ་བརྒྱུད་ཐད་ཀར་སློབ་འབྲིང་དུ་ཞུགས་པ་དང་། དམའ་འབྲིང་སྐབས་སུ་ཡང་སྦྱངས་འབྲས་ཤིན་ཏུ་ལེགས་པས་སྔར་ལྟར་ཡིག་ཚད་བཏང་བ་བརྒྱུད་ལྷ་ས་སློབ་འབྲིང་དུ་ཞུགས། 
     སྤྱི་ལོ་2013ལོར་ལོ་12ཡིན་པའི་ཚེ་བརྟན་གཡང་སྐྱིད་ཁམས་པའི་བརྙན་འཕྲིན་ཁང་གི་(བོད་རྒྱ་སྐད་གཉིས་འགྲན་བསྡུར་)དུ་ཞུགས་ཤིང་། བོད་ལྗོངས་དང་སི་ཁྲོན་ནས་ཡོང་པའི་སློབ་མ་ཚོ་དང་འགྲན་བསྡུར་བྱས་ནས་མཐར་ཨང་དང་པོ་བླངས། ལོ་གཉིས་ཀྱི་རྗེས་སུ། ཁོང་གིས་བོད་ལྗོངས་ཀྱི་འཐུས་ཚབ་བྱས་ཏེ་ཀྲུང་གོའི་(མཁས་བརྒྱའི་གླེང་སྟེགས་ཆུང་ཆུང་)ཞེས་པའི་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་དུ་ཞུགས་པ་དང་ཡང་ཨང་དང་པོ་བླངས། 
     རྒྱུན་ལྡན་གྱི་སློབ་སྦྱོང་ལས་གཞན། ཚེ་བརྟན་གཡང་སྐྱིད་དཔེ་ཀློག་དང་ཡིག་གཟུགས་སྦྱོང་རྒྱུར་དགའ་པོ་ཡོད་པ་དང་། ན་ནིང་ལོར་ཁོང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཁོངས་མི་ཆུང་ཆུང་ཞིག་ཏུ་གྱུར།
     ཚེ་བརྟན་གཡང་སྐྱིད་ཀྱི་ཕ་མ་གཉིས་ཀྱིས་གསར་འགོད་པར། བུ་མོའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཡོད་པ་ལ་ང་ཚོར་སློབ་གསོ་རྒྱག་སྟངས་དམིགས་བསལ་བ་ཅི་ཡང་མེད་ལ། རྒྱུན་ལྡན་དུ་བུ་མོའི་བར་གྱི་འབྲེལ་འདྲིས་ལ་མཐོང་ཆེན་བྱས་པ་ཡིན། ཁོང་བསྒྲུབ་མི་འདོད་པའི་བྱ་བ་ཅི་ཡང་སྒྲུབ་ཏུ་བཅུག་མྱོང་མེད། གཞན་ང་ཚོས་རྟག་ཏུ་ཁོང་གི་སློབ་གྲྭའི་དགེ་རྒན་དང་འབྲེལ་འདྲིས་བྱས་པ་ཡིན་ཞེས་བཤད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།