འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པས་ཉིའུ་གཡོད་བས་རྒྱ་ཡིག་སྦྱོང་བའི་ཚ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་རྒྱ་ཡིག་སྦྱོང་བའང་ཉིའུ་གཡོད་བའི་མིག་སྔའི་ཚ་རླབས་ཤིག་ཏུ་གྱུར་ཡོད།
          རྒྱ་ཡིག་རིམ་པ་དང་པོ་ནས་རིམ་པ་བཅུ་པ་བར་དང་ཀྲུང་གོའི་ཡིག་གཟུགས་ནས་ཐའེ་ཅི་དྲག་རྩལ་བར་ཀྲུང་གོ་དང་ཨ་རིའི་ཡར་སྐུལ་ལས་དོན་ཁང་གིས་བཙུགས་པའི་ཀྲུང་གོའི་སྐད་ཡིག་དང་རིག་གནས་སློབ་ཚན་ལ་ཞུགས་མཁན་རྟག་ཏུ་མང་པོ་ཡོད་པས་མཁོ་མང་སྤྲོད་ཉུང་གི་རྣམ་པ་ཐོན་ཡོད། གཞོན་སྐྱེས་མང་པོ་ཞིག་གིས་རྒྱ་ཡིག་སྦྱོང་འདོད་པ་དང་ཀྲུང་གོའི་རིག་གནས་ལ་ཡིད་སྨོན་བྱས་ནས་སློབ་སྦྱོང་ལ་ཞུགས་ཀྱི་ཡོད།
          “ངས་རྒྱ་ཡིག་སྦྱོང་འདོད་པ་ནི་སྐད་ཡིག་གཞན་དང་བསྡུར་ན་ཤོད་བདེ་བ་དང་། གོ་སླ་བ། བྱ་ཚིག་གི་འགྱུར་བ་དང་དུས་གསུམ་གྱི་འགྱུར་བ་རྙོག་འཛིང་ཆེན་པོ་མེད་ཁར་གཏན་ཚིགས་རང་བཞིན་གྱི་ཁྱད་ཆོས་ཟབ་མོ་ལྡན་འདུག”ཅེས་ཀྲུང་གོ་དང་ཨ་རིའི་ཡར་སྐུལ་ལས་དོན་ཁང་གི་སློབ་མ་ཨའེ་ཧྲི་ལིན་གྱིས་བརྗོད།
          གཅེན་མོའི་ཤུགས་རྐྱེན་ཐེབས་ནས་ཨའེ་ཧྲི་ལིན་གྱིས་སློབ་ཆེན་ལོ་རིམ་དང་པོ་ནས་རྒྱ་ཡིག་སྦྱོང་འགོ་ཚུགས། མ་གཞི་སློབ་སྦྱོང་བྱེད་པའི་དུས་ཚོད་ཕྱི་བ་དང་སློབ་སྦྱོང་གི་དཀའ་གནད་ཆེ་ཙམ་ཡོད་རུང་ཁོང་གིས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་ལ་མཐའ་འཁྱོངས་བྱས་ཡོད། ཨའེ་ཧྲི་ལིན་གྱི་ངོས་ནས་བརྗོད་ན་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་རྒྱ་ཡིག་སྦྱངས་པས་ཀྲུང་གོའི་འཕེལ་རྒྱས་ལ་སྔར་བས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
          མཱ་ལིར་ཀྲུང་གོའི་སློབ་མའི་འབད་བརྩོན་དང་། ཁེངས་སྐྱུང་གུས་ཞབས། རྒན་བཀུར་གཞོན་བཅེས་བཅས་ཀྱི་ཀུན་སྤྱོད་བཟང་པོ་ལས་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས“ཀྲུང་གོའི་གནས་སྤོས་ཡུལ་མིའི་སྡེ་ཁུལ་གྱི་སློབ་མས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། གཞན་ཡང་ཀྲུང་གོའི་ཁྱིམ་ཚང་གི་འབྲེལ་བ་ཧ་ཅང་དམ་ཟབ་འདུག ཁྱེད་ཀྱིས་རྟག་ཏུ་གཞོན་སྐྱེས་ཚོས་རྒན་རྒོན་བསྐྱོར་ནས་མཉམ་དུ་འགྲོ་བ་མཐོང་རྒྱུ་ཡོད་པ་དེ་ཨ་རིའི་ཁྱིམ་ཚང་དུ་ཤིན་ཏུ་མཐོང་དཀོན་པ་ཞིག་རེད། ཀུན་སྤྱོད་བཟང་པོ་དེ་རིགས་ཀྱི་འབྱུང་ཁུངས་གང་ན་ཡོད་དམ”ཞེས་བརྗོད།
          ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་དང་ཕྱོགས་གཞན་ཞིག་ནས་འཛམ་གླིང་ལ་ལྟ་བའི་འདུན་པ་འཆང་ཆེད་མ་ལི་དང་ཨའེ་ཧྲི་ལིན་གཉིས་པོས་ད་ཆ་ཀྲུང་གོ་དང་ཨ་རིའི་ཡར་སྐུལ་ལས་དོན་ཁང་དུ་རྒྱ་ཡིག་སྦྱོང་གི་ཡོད།
          ཕ་ཐེ་ལི་ཁེའི་ངོས་ནས་བརྗོད་ན། ཁྱིམ་ཚང་ནི་རྒྱ་ཡིག་སློབ་སྦྱོང་བར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེ་ཤོས་དེ་རེད། ཁོང་ནི་ཉིའུ་གཡོད་མ་འཇོག་དོ་དམ་ཀུང་སི་ཞིག་གི་སྤྱི་ཁྱབ་ཅིང་ལི་ཡིན་པ་དང་། 2006ལོར་ཁོང་དང་བཟའ་ཟླས་ཀོང་ཤིས་ཀུའེ་ལིན་ནས་ལོ་གཅིག་ལ་སོན་པའི་བུ་མོ་ཆུང་ཆུང་ཞིག་གསོས་པ་རེད། ཕྲུ་གུ་རིམ་པས་ནར་སོན་པ་དང་བསྟུན་ཁོང་གིས་བུ་མོ་དང་རྒྱ་སྐད་ནས་སྐད་ཆ་ཤོད་པའི་རེ་བ་སྐོམ་པ་ཆུ་འདོད་ལྟར་བྱེད་ཀྱི་ཡོད།
          ཀྲུང་གོ་དང་ཨ་རིའི་ཡར་སྐུལ་ལས་དོན་ཁང་གི་དགེ་རྒན་ཁྲེན་ཅིན་གོས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་མ་མང་པོ་ཞིག་གིས་རྒྱ་སྐད་སྦྱངས་རྗེས་ཀྲུང་གོར་ལས་ཀར་བསྐྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ཀྲུང་གོའི་དཔལ་འབྱོར་འཕར་བ་དང་བསྟུན་ཀུང་སི་མང་པོ་ཞིག་གིས་ཕྱི་རྒྱལ་ནས་ཆེད་ལས་ཀྱི་ཤེས་ལྡན་པ་གདན་ཞུ་བྱེད་དགོས་ཀྱི་ཡོད།
          རྒྱ་ཡིག་སྦྱོང་བའི་དམིགས་ཡུལ་མི་འདྲ་ཡང་ཉིའུ་གཡོད་ཀྱི་མི་ཚོས་ཀྲུང་གོ་སྔར་བས་དར་རྒྱས་འགྲོ་བ་དེས་ཁོང་ཚོས་རྒྱ་ཡིག་སློབ་སྦྱོང་མཐའ་འཁྱོངས་བྱེད་པར་ལྕག་སྐུལ་གཏོང་བའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད།
           ཨ་རིའི་རྒྱལ་སྤྱིའི་སློབ་གསོ་ཨུ་ལྷན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ཨ་རིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྒྱ་ཡིག་སྦྱོང་བའི་མི་གྲངས་མང་དུ་ཕྱིན་ཡོད། 2009ལོ་ནས་2015ལོ་བར་ཨ་རིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྒྱ་ཡིག་སྦྱོང་བའི་མི་གྲངས་ལྡབ་གཅིག་འཕར་ཡོད། སི་ཕེན་གྱི་སྐད་ཡིག་དང་། ཧྥ་རན་སེའི་སྐད་ཡིག འཇར་མན་གྱི་སྐད་ཡིག་བཅས་ཀྱི་རྗེས་སུ་རྒྱ་ཡིག་ཨ་རིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཕྱི་རྒྱལ་སྐད་ཡིག་ཆེ་གྲས་ཨང་བཞི་པར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།