འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱི་དམག་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་རྒྱ་གར་གཉིས་བར་ཀ་སྨིར་དུ་ཡང་
    བསྐྱར་དམག་འཛིང་བྱུང་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཕ་ཁི་སི་ཐན་གྱི་དམག་ཕྱོགས་ཀྱིས་རྒྱ་གར་གྱི་དམག་དཔུང་གིས་ཀ་སྨིར་ས་ཁུལ་དུ་ཡང་བསྐྱར་ཕ་ཁི་སི་ཐན་ཕྱོགས་ལ"རྒྱུ་མཚན་མེད་པར"མེ་སྒྱོགས་འཕངས་པས། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱ་གར་དམག་དཔུང་གི་འཇབ་རྒོལ་ལ་རྒོལ་ལན་བསློགས་ཡོད་ཅེས་བརྗོད་པ་རེད།
         ཕ་ཁི་སི་ཐན་གྱི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་གསར་འགྱུར་ཅུས་ཀྱིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་རྒྱ་གར་གྱི་དམག་དཔུང་གིས་ཉིན་དེར་ཀ་སྨིར་ས་ཁུལ་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་དངོས་བཟུང་ས་ཐིག་གི་ཉེ་འགྲམ་དུ་ཕ་ཁི་སི་ཐན་གཞོགས་ཀྱི་དམག་དོན་གནས་གཞི་དང་མི་སེར་ལ་མེ་སྒྱོགས་འཕངས་པས་། ཕ་ཁི་སི་ཐན་གྱི་དམག་མི་1གྲོངས་པ་དང་། དམག་མི་2ལ་རྨས་སྐྱོན་ཕོག་ཤིང་། མི་སེར་གྱི་ནང་དུའང་མི་2གྲོངས་པ་དང་མི་5ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།
         གསལ་བསྒྲགས་ཀྱི་ནང་དུ་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱ་གར་གྱིས་འཇབ་རྒོལ་ལ་རྒོལ་ལན་བསློགས་ནས་ཕ་ཁི་སི་ཐན་ལ་མེ་སྒྱོགས་འཕངས་པའི་རྒྱ་གར་དམག་དཔུང་གི་གནས་གཞིར་གཏོར་བརླག་བཏང་བ་དང་། ཉུང་མཐའ་ཡང་རྒྱ་གར་གྱི་དམག་མི་5བསད་པ་དང་མི་མང་པོར་རྨས་སྐྱོན་བཟོས་ཡོད་ཅེས་བཤད་པ་དང་། གསལ་བསྒྲགས་ཀྱི་ནང་དུ་རྒྱ་གར་གྱི་རྒྱུ་རྐྱེན་མེད་པར་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་གང་ཞིག་ལའང་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒོལ་ལན་སྟོབས་དང་ལྡན་པ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཉིན་དེའི་དུས་ཚོད་སྔ་ཙམ་དུ་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཕ་ཁི་སི་ཐན་དུ་བཅའ་སྡོད་རྒྱ་གར་གྱི་མཐོ་རིམ་ཆེད་བཏང་མི་སྣ་གཞོན་པ་ཞིན་ཀེ་དང་ཐུག་འཕྲད་བྱས་ནས། ཚེས་18ཉིན་ཀ་སྨིར་ས་ཁུལ་དུ་རྒྱ་གར་ཕྱོགས་ཀྱིས་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འགལ་བ་མ་ཟད་། ཕ་ཁི་སི་ཐན་ཕྱོགས་ཀྱི་མི་ཤི་རྨས་བཏང་བར་རྒོལ་གཏམ་བཏང་བ་དང་། རྒྱ་གར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་2003ལོར་བཞག་པའི་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་བརྩི་སྲུང་བྱེད་དགོས་པའི་བླང་བྱའང་བཏང་བ་རེད།
         ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་ཚེས་18ཉིན་རྒྱ་གར་དམག་དཔུང་གིས་ཀ་སྨིར་གྱི་དངོས་བཟུང་ས་ཐིག་གི་ཉེ་འགྲམ་དུ་ཕ་ཁི་སི་ཐན་གྱི་གཞོགས་ལ་མེ་སྒྱོགས་འཕངས་པ་ལས་ཕ་ཁི་སི་ཐན་གྱི་མི་སེར་2གྲོངས་པ་དང་། གཞན་མི་6ལ་རྨས་སྐྱོན་ཕོག་པ་རེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ཀྱིས་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འགལ་བ་མ་ཟད་མི་སེར་ལ་མེ་སྒྱོགས་འཕངས་པའི་བྱ་སྤྱོད་ལ་རྒོལ་གཏམ་གཏོང་གི་ཡིན་ཞེས་བརྗོད་པ་རེད།
         ཚེས་16ཉིན་ཕ་ཁི་སི་ཐན་གྱི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་གསར་འགྱུར་ཅུས་ཀྱི་འགོ་འཛིན་ཨ་ཞི་ཧྥུའུ·ཅ་ཧྥུར་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཞིག་གི་ཐོག་ནས། ད་ལོ་ནས་བཟུང་རྒྱ་གར་གྱིས་ཀ་སྨིར་ས་ཁུལ་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་དངོས་བཟུང་ས་ཐིག་ཉེ་འགྲམ་དུ་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་ལས་འགལ་ཐེངས་580ཟིན་པས། དེ་ནི་ལོ་རྒྱུས་ཐོག་མང་ཤོས་རེད་ཅེས་བཤད་པ་རེད།
         1947ལོར་རྒྱ་གར་དང་ཕ་ཁི་སེ་ཐན་ཁ་གྱེས་དབང་སྒྱུར་བྱས་རྗེས། ཕ་ཁི་སི་ཐན་དང་རྒྱ་གར་གཉིས་ཀྱིས་ཀ་སྨིར་ས་ཁུལ་འཕྲོག་ལེན་བྱ་ཆེད་དམག་འཁྲུག་ཐེངས་གཉིས་བྱུང་མྱོང་། 2003ལོར་ཕྱོགས་གཉིས་ཀྱིས་ཀ་སྨིར་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་དངོས་བཟུང་ས་ཐིག་རྒྱུད་དུ་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་པ་རེད། ཡིན་ནའང་དེའི་རྗེས་སུ་ཕྱོགས་གཉིས་བར་གདོང་གཏུག་རྟག་ཏུ་བྱུང་བཞིན་ཡོད་པ་རེད། ཟླ་འདི་ནས་བཟུང་། ཕྱོགས་གཉིས་བར་དངོས་བཟུང་ས་ཐིག་གི་ཉེ་འགྲམ་དུ་དམག་འཐབ་ཆད་མེད་བྱས་པ་ལས་མི་མང་པོ་ཤི་རྨས་བྱུང་བ་རེད། ཕྱོགས་གཉིས་ཀས་ཕ་རོལ་བའི་ཕྱོགས་ཀྱིས་དམག་འཐབ་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འགལ་བ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།