འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུས་2020ལོར་སླེབས་སྐབས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་གཞི་
    རྩའི་ཆ་ནས་མི་ཐོན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཀྱིས་ཁེ་ལས་ཀྱིས་གླ་ཆ་འགྱངས་ཆད་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་པུའུ་དབར་གྱི་མཉམ་བཞུགས་ཚོགས་འདུའི་གཞུང་ལས་ཁང་གིས་བཟོས་པའི་《གླ་ཆ་འགྱངས་ཆད་བཅོས་སྒྲིག་གིས་གཏོང་སྤྲོད་འགན་ལེན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་(2017ལོ་ནས་2019ལོ་བར)》 མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་གིས་པར་འགྲེམས་བྱས་ཤིང་། དེའི་ནང་ལོ་གསུམ་ཡས་མས་ནང་གླ་ཆ་འགྱངས་ཆད་བྱུང་བའི་ཞིང་པ་ལས་མིའི་བསྡུར་ཚད་ལོ་རེ་བཞིན་ཉུང་དུ་བཏང་ནས་2020ལོར་སླེབས་སྐབས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་གཞི་རྩའི་ཆ་ནས་མི་ཐོན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།
             ངལ་རྩོལ་ལས་མི་སྤྱོད་རྒྱུར་མིང་ངོ་མ་འགོད་པའི་དོ་དམ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་དགོས། ——《འཆར་གཞིའི་》ནང་བཏོན་དོན། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ནང་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྩོལ་བསྟུན་ཐོབ་སྤྲོད་ལག་དེབ་བཟོ་བ་དང་ལས་མི་སྤྱོད་པ་དང་གླ་ཆ་སྤྲོད་པའི་ཟིན་ཐོ་འགོད་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་མི་སྤྱོད་ཚན་པས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་འཁྲི་ཁ་གསལ་དུ་གཏོང་དགོས། 2017ལོའི་ལོ་མཇུག་གོང་སྐྲུན་བཞིན་པའི་ལས་གྲྭར་མིང་ངོ་མ་འགོད་པའི་དོ་དམ་ཁྱབ་ཚད་40%ཡན་ཟིན་པ་དང་། 2018ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁྱབ་ཚད་70%ཟིན་པ། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས།
           ཟླ་རེ་བཞིན་གླ་ཆ་གྲངས་ཚང་སྤྲོད་དགོས། ——ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མི་སྤྱོད་ཚན་པས་ཁྲིམས་ལྟར་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཀྱི་ཡོད་མེད་ལ་ལྟ་སྐུལ་བྱས་ནས་ཟླ་རེའི་གླ་ཕོགས་ཟླ་དེ་རང་ལ་ཆ་ཚང་སྤྲོད་དགོས། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་སྐྲུན་བཞིན་པའི་ལས་གྲྭར་ཟླ་རེར་གླ་ཆ་གྲངས་ཚང་སྤྲོད་པའི་གཏན་འབེབས་ཁྱབ་ཚད་80%ཡན་ཟིན་པ་དང། 2018ལོའི་ལོ་མཇུག་གོང་ཁྱབ་ཚད་90%ཟིན་པ། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་གཞི་རྩའི་ཆར་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས།
           གླ་ཆའི་ཁག་ཐེག་དངུལ་གྱི་ལམ་ལུགས་དོན་འཁྱོལ་བྱེད་དགོས།——ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་གླ་ཆའི་ཁག་ཐེག་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་མི་སྤྱོད་ཚན་པའི་གླ་ཆ་སྤྲོད་པའི་གནས་ཚུལ་གཞིར་བཟུང་བར་ཁྱད་དངུལ་བཅོལ་ལམ་ལུགས་ལག་བསྟར་བྱེད་པ་དང་། དངུལ་ཁང་གི་འགན་ཡིག་སོགས་ཕུང་གསུམ་པའི་ཁག་ཐེག་ལམ་ལུགས་ཁྱབ་སྤེལ་བཏང་ནས་གླ་ཆའི་ཁག་ཐེག་དངུལ་བསྡུ་བ་དང་། བེད་སྤྱོད། ཕྱིར་སློག་བཅས་ཀྱི་བྱ་ཐབས་ཚད་ལྡན་དུ་བཏང་ཐོག་དུས་ཐོག་ཏུ་བསྡུ་བ་དང་དུས་ཐོག་ནང་ཕྱིར་སློག་ཐུབ་པ་བྱེད་དགོས། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་སྐྲུན་བཞིན་པའི་ལས་གྲྭ་ཚང་མར་གཞི་རྩའི་ཆ་ནས་ཁྱབ་པ་བྱས་ཏེ་གླ་ཆའི་ཁག་ཐེག་དངུལ་ལག་ལེན་བསྟར་ཡུལ་གླ་ཆ་འགྱངས་ཆད་ཐོན་སླ་བའི་ལས་རིགས་སུ་རིམ་བཞིན་རྒྱ་ཆེ་རུ་གཏོང་དགོས།
           ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཐོའི་དོ་དམ་ལམ་ལུགས་བཟོ་དགོས། ——ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ནང་ཞིང་པ་ལས་མིའི་གླ་ཆ་དང་ལས་གྲྭའི་མ་དངུལ་གཞན་རྩིས་ཐོ་དབྱེ་ནས་དོ་དམ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་ཨར་སྐྲུན་ཁེ་ལས་ཀྱིས་དངུལ་ཁང་དུ་གླ་ཆའི་ཆེད་འཇོག་རྩིས་ཁུངས་བཟོས་ཏེ་ཆེད་མངགས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་སྤྱོད་དགོས། ཁག་བགོས་འགན་གཙང་ལེན་མཁན་ཁེ་ལས་ཀྱིས་འགན་གཙང་ཧྲིལ་པོ་ལེན་མཁན་ཁེ་ལས་ལ་ཞིང་པ་ལས་མིར་གླ་ཆ་ཚབ་སྤྲོད་བྱ་རྒྱུ་མངགས་པའི་བྱ་ཐབས་སྤྱོད་རྒྱུར་སྐུལ་ལྕག་གཏོང་དགོས། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་སྐྲུན་བཞིན་པའི་ལས་གྲྭར་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཐོའི་དོ་དམ་ལམ་ལུགས་ཁྱབ་ཚད་60%ཡན་ཟིན་པ་དང་། 2018ལོའི་ལོ་མཇུག་གོང་ཁྱབ་ཚད་80%ཟིན་པ། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་གཞི་རྩའི་ཆར་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།