འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་སུའུ་ཞིང་ཆེན་གྱི་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་གཞུང་འགན་ཁུར་བའི་ཁྲིམས་རྩོད་པ་
    བཀོད་སྒྲིག་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཅང་སུའུ་ཞིང་ཆེན་གྱིས་《བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་དང་གཞུང་འགན་ཁུར་བའི་ཁྲིམས་རྩོད་པ་དང་ཀུང་སིའི་ཁྲིམས་རྩོད་པའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཤིང་། འདི་ལོའི་ལོ་མཇུག་གོང་རྫོང་རིམ་པ་ཡན་གྱི་རིམ་ཁག་ཏང་སྲིད་ལས་ཁུངས་སུ་བཅའ་ཁྲིམས་བློ་འདྲི་དང་གཞུང་འགན་ཁུར་བའི་ཁྲིམས་རྩོད་པ་བཀོད་སྒྲིག་བྱས་པ་དང་། ཤང་གྲོང་ཏང་ཨུད་དང་སྲིད་གཞུང་གི་དགོས་མཁོ་གཞིར་བཟུང་བཅའ་ཁྲིམས་བློ་འདྲི་དང་གཞུང་འགན་ཁུར་བའི་ཁྲིམས་རྩོད་པ་བཀོད་སྒྲིག་བྱས་ནས2020ལོར་སླེབས་སྐབས་བཅའ་ཁྲིམས་བློ་འདྲི་དང་། གཞུང་འགན་ཁུར་བའི་ཁྲིམས་རྩོད་པ། ཀུང་སིའི་ཁྲིམས་རྩོད་པ་བཅས་ཀྱི་ལམ་ལུགས་མ་ལག་ཆ་ཚང་ཞིག་ཕྱོགས་ཡོངས་ནས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
             ཅང་སུའུ་ཞིང་ཆེན་གྱིས་རེ་བ་བཏོན་པར། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་ལག་བསྟར་བསམ་འཆར་གཞིར་བཟུང་གཞུང་འགན་ཁུར་བའི་ཁྲིམས་རྩོད་པ་བཀོད་སྒྲིག་བྱེད་དགོས་པ་དང་། གཞུང་འགན་ཁུར་བའི་ཁྲིམས་རྩོད་པས་ཏང་སྲིད་ལས་ཁུངས་ཀྱི་བཅའ་ཁྲིམས་བློ་འདྲིའི་ལས་འགན་ཁུར་དགོས་པ་དང་། རང་གནས་སའི་ཚན་པའི་མངགས་བཅོལ་དང་ལེན་ཞུ་བ་དང་། རང་གནས་སའི་ཚན་པའི་ཚབ་བྱས་ནས་ཁྲིམས་རྩོད་པ་དང་བཅའ་ཁྲིམས་བྱ་བ་སྒྲུབ་དགོས་པ་དང་། ལས་དོན་སྒྲུབ་སྐབས་ཁྲིམས་རྩོད་པའི་བཅའ་ཁྲིམས་སོགས་སུ་གཏན་འབེབས་བྱས་པའི་ཐུག་འཕྲད་དང་། དཔྱད་གཞི་ལྟ་བ། བརྟག་དཔྱད་དཔང་ལེན། དོགས་པ་འདྲི་བ། ར་སྤྲོད་བྱེད་པ། རྩོད་བཤེར་སོགས་ཁྲིམས་རྩོད་པའི་ལས་གཉེར་ཁེ་དབང་ལོངས་སུ་སྤྱོད་ཆོག་པ་དང་དེ་བཞིན་ཁྲིམས་རྩོད་པའི་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་ཁྲིམས་རྩོད་པའི་ཁེ་དབང་གཞན་དག་སྤྱོད་ཆོག གཞུང་འགན་ཁུར་བའི་ཁྲིམས་རྩོད་པས་རིན་དོད་ཡོད་པའི་བཅའ་ཁྲིམས་ཀྱི་ལས་དོན་སྒྲུབ་མི་ཆོག་པ་དང་། ཁྲིམས་རྩོད་པའི་དོན་གཅོད་ཁང་སོགས་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞིར་ཞོར་འགན་ཁུར་མི་ཆོག་པ། ཁྲིམས་རྩོད་པའི་ཐོབ་ཐང་ཐོག་ནས་རང་གནས་སའི་ཚན་པ་ཕུད་པའི་གཞུང་གཏུག་གམ་ཡང་ན་གཞུང་གཏུག་མིན་པའི་བཅའ་ཁྲིམས་ཀྱི་ལས་དོན་སྒྲུབ་མི་ཆོག་པའོ།
           ལག་བསྟར་བསམ་འཆར་ནང་ད་དུང་གཞུང་ཁོངས་ཁེ་ལས་ཀྱི་བཅའ་ཁྲིམས་བློ་འདྲི་དང་ཀུང་སིའི་ཁྲིམས་རྩོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱིས་དགོས་མཁོ་གཞིར་བཟུང་ཀུང་སིའི་ཁྲིམས་རྩོད་པ་བཀོད་སྒྲིག་བྱེད་ཆོག་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།