འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ལུང་ཅང་གིས་སློབ་མའི་སློབ་སྦྱོང་གི་ཁུར་པོར་ལྟ་ཞིབ་བྱེད་པའི་ལམ་ལུགས་དོན་འཁྱོལ་
    བྱེད་པ་དང་སློབ་ཆུང་ལོ་རིམ་དང་པོར“ཟུར་ཁྲིད་གང་ཡང་མེད་
    པའི”སློབ་ཁྲིད་མཐའ་འཁྱོངས་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། 《རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་》བཏོན་ནས་སློབ་མའི་སློབ་སྦྱོང་གི་ཁུར་པོར་ལྟ་ཞིབ་ཚད་ལེན་དང་ལོ་འཁོར་གྱི་སྙན་ཞུའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་སློབ་ཆུང་ལོ་རིམ་དང་པོར“ཟུར་ཁྲིད་གང་ཡང་མེད་པའི”སློབ་ཁྲིད་མཐའ་འཁྱོངས་ཀྱིས་སློབ་གྲྭ་འབྲིང་ཆུང་དཀྱུས་མས་རང་དགར་སློབ་ཚན་གྱི་དཀའ་ཚད་ཆེ་རུ་གཏོང་བ་དང་། རང་དགར་སློབ་ཚན་དང་སློབ་ཁྲིད་ཚོགས་དུས་སྣོན་འཕྲི་བྱེད་པ། སློབ་ཁྲིད་བྱེད་མགྱོགས་སུ་གཏོང་བ། སློབ་མའི་སློབ་སྦྱོང་དུས་ཚོད་རིང་དུ་གཏོང་བ། སློབ་ཡོན་དགོས་པའི་གསབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱས་ཡོད་པ་རེད། རིམ་ལྡན་ཡིག་རྒྱུགས་དང་འགྲན་བསྡུར་གྱི་གྲུབ་འབྲས་སྣ་ཚོགས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་སློབ་ཞུགས་དང་སློབ་རིམ་འཕར་བའི་གཞི་འཛིན་སར་བྱ་རྒྱུ་གཏན་འགོག་བྱས་ཡོད་པ་རེད།
             2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་སྤྱིར་ན་མེད་པ་བཟོས་ནས་འོས་འགན་སློབ་གསོ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་སྤྱིར་ན་མཐུན་སྤྱོར་ཡོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སློབ་གྲྭའི་བཀོད་པ་དེ་བས་ལུགས་མཐུན་ཡོང་བ་བྱས་ནས་འཛིན་གྲྭའི་ནང་སློབ་མ་ཧ་ཅང་མང་བའི་སྣང་ཚུལ་སྤྱིར་ན་མེད་པ་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བཀོད་སྒྲིག་སྤྱིར་ན་དོ་སྙོམས་ཡོང་བ་བྱས་ནས་གྲོང་གསེབ་དགེ་རྒན་གྱི་ཐོབ་ཐང་བརྟན་པོའི་ངང་འཕར་བ་བྱེད་པ། འོས་འགན་སློབ་གསོ་བརྟན་ཚད་99%ཡན་རྒྱུན་འཁྱོངས་བཅས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
           《བསམ་འཆར་》ནང་འོས་འགན་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་ས་ཆ་འདང་ངེས་འཇོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་ནང་འཇུག་པ་དང་འབྲེལ་ལག་བསྟར་ནན་ཏན་བྱེད་པ་དང་གང་བྱུང་དུ་འགྱུར་ལྡོག་གཏོང་མི་རུང་བ་དང་། སློབ་གསོའི་ས་ཆ་སྤྱོད་པར་མཉམ་འབྲེལ་ཐོག་ཞིབ་བཤེར་ཆོག་མཆན་སྤྲོད་པའི་ལམ་ལུགས་ལག་བསྟར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དུ་བསྐྲུན་པའི་སྡོད་གནས་ཁུལ་དུ་ཁྲིམས་ལྟར་སློབ་གྲྭ་བཙུགས་ཏེ་སློབ་གྲྭའི་སློབ་ཁྲིད་ཆ་རྐྱེན་ཞན་པའི་གྲོང་ཁུལ་རྙིང་པ་དང་སློབ་གྲྭ་འཛུགས་པའི་ཚད་གཞི་མི་ལོན་པའི་གཞི་ཆུང་སྡོད་གནས་ཁུལ་སྒྱུར་བཅོས་བྱ་རྒྱུ་བཏོན་ཡོད།
           གནས་སྡོད་ལག་ཁྱེར་གཞི་འཛིན་ས་གཙོ་བོར་བྱེད་པའི་གནས་སྤོས་བུ་ཕྲུག་གི་སློབ་ཞུགས་སྲིད་ཇུས་བཟོ་བ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་དོ་ཁུར་དང་སྲུང་སྐྱོང་བྱེད་པ། བཙན་ཐབས་ཀྱི་སྙན་ཞུའི་ལམ་ལུགས་དང་དཔྱད་དཔོག་རོགས་སྐྱོར་ལམ་སྲོལ་དང་། ལྟ་སྐུལ་སྲུང་སྐྱོང་གི་ཐེ་གཏོགས་ལམ་སྲོལ། ཕྲལ་སྡོམ་ཐག་གཅོད་ལམ་སྲོལ་བཅས་བཟོས་ཏེ་ཆ་རྐྱེན་འཛོམས་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པ་དང་གནས་ངེས་མེད་ཀྱི་གཞིས་ལུས་བྱིས་པ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བྱིས་པ་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ཀྱི་འགན་ལེན་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།