འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་6པར་གྲོང་ཁྱེར་རིམ་པ་དང་པོ་དང་གཉིས་པའི་ཁང་ གོང་དུས་མཚུངས་ལས་མུ་མཐུད་ཆག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2017ལོའི་ཟླ་6པའི་གྲོང་ཁྱེར་ཆེ་འབྲིང་བདུན་ཅུའི་སྡོད་ཁང་ཕྱིར་ཚོང་རིན་གོང་གི་བསྡོམས་རྩིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལས། གྲོང་ཁྱེར་རིམ་པ་དང་པོ་དང་གཉིས་པའི་ཁང་གོང་དུས་མཚུངས་ལས་མུ་མཐུད་ཆག་པ་དང་། གྲོང་ཁྱེར་རིམ་པ་དང་པོའི་ཁང་གོང་ཟླ་གོང་མ་ལས་ཆག་པ་མངོན་ཡོད་པ་རེད།
            ཟླ་དྲུག་པར། གྲོང་བབ་དང་བསྟུན་ནས་བྱེད་ཐབས་འདོན་པའི་ས་ཁང་བདག་ཁོངས་ཀྱི་སྙོམས་སྒྲིག་སྲིད་ཇུས་འོག་གྲོང་ཁྱེར་རིམ་པ་དང་པོ་དང་ཀུན་གྱིས་དོ་སྣང་བྱེད་པའི་གྲོང་ཁྱེར་རིམ་པ་གཉིས་པ་བཅོ་ལྔའི་ས་ཁང་བདག་ཁོངས་ཁྲོམ་ར་མུ་མཐུད་བརྟན་པོ་ཡོད་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན། གྲོང་ཁྱེར་བཅོ་ལྔའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་རིན་གོང་ཟླ་གོང་མ་ལས་ཆག་པ་དང་ཆག་ཚད་བརྒྱ་ཆའི་གྲངས་0.8ནས་5.5བར་ཟིན་ཡོད་པ་རེད། ཟླ་གོང་མའི་གནས་ཚུལ་ནས་བལྟས་ན། པེ་ཅིང་དང་། ཧྲང་ཧའེ། ཧྥུའུ་ཀྲོའུ། ཝུའུ་ཤིས། ཁྲེང་ཏུའུ་བཅས་ཚུད་པའི་གྲོང་ཁྱེར་ལྔའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་རིན་གོང་ཆག་པ་དང་། ཐེན་ཅིན་དང་། ནན་ཅིང་། ཧྲེན་ཀྲེན། ཀྲེང་ཀྲོའུ་བཅས་ཚུད་པའི་གྲོང་ཁྱེར་བཞིའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་རིན་གོང་བརྟན་པོར་གནས་ཡོད་པ་རེད། གྲོང་ཁྱེར་དྲུག་གི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་རིན་གོང་འཕར་ཡང་འཕར་ཚད་0.5%ནང་ཚུན་ཡིན་པ་རེད།
           རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་ཁྱེར་སིའི་མཐོ་རིམ་བསྡོམས་རྩིས་མཁས་ཅན་ལིའུ་ཅན་ཝེས་དབྱེ་ཞིབ་ཚོད་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་ལག་བརྒྱུད་སྡོད་ཁང་གི་རིན་གོང་དུས་མཚུངས་ལས་ཟླ་བ་དགུ་བསྟུད་མར་ཆག་པ་དང་། ཟླ་དྲུག་པར་ཟླ་ལྔ་པ་ལས་བརྒྱ་ཆའི་གྲངས་2.6དང་1.9སོ་སོར་ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་རིན་གོང་དུས་མཚུངས་ལས་ཟླ་བ་བདུན་བསྟུད་མར་ཆག་པ་དང་། ཟླ་དྲུག་པར་ཟླ་ལྔ་པ་ལས་བརྒྱ་ཆའི་གྲངས་0.5ཆག་པ། ལག་བརྒྱུད་སྡོད་ཁང་གི་རིན་གོང་དུས་མཚུངས་ལས་ཟླ་བ་ལྔ་བསྟུད་མར་ཆག་པ་དང་། ཟླ་དྲུག་པར་ཟླ་ལྔ་པ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།