འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་68ཀྱིས་ཐབས་ཇུས་འདོན་རོགས་བྱས་པས་ལྷ་སའི་ཤ་ཚལ་
    སྒོང་གསུམ་ཕུན་སུམ་ཚོགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་སྤོམ་ཆེའི་སྔོ་ཚལ་ཐོན་ལས་ལག་རྩལ་མ་ལག་གི་2017ལོའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར“ལྷོ་ནུབ་ཡུག་འབྲེལ་ཁུལ་གྱི་བོད་ལྗོངས་སྔོ་ཚལ་ལྟ་སྦྱོང་སྤེལ་རེས་ཚོགས་འདུ”ལྷ་སར་འགོ་ཚུགས་ཤིང་། གསར་འགོད་པས་ཤེས་རྟོགས་བྱས་པར། རྒྱལ་ཁབ་ཀྱི་སྤོམ་ཆེའི་སྔོ་ཚལ་ཐོན་ལས་ལག་རྩལ་མ་ལག་གི་ལྷོ་ནུབ་ཡུག་འབྲེལ་ཁུལ་གྱི་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་དང་དེ་བཞིན་ཚོགས་པའི་ཁོངས་མི་དང་རྒྱལ་ཁབ་ཀྱི་སྤོམ་ཆེའི་སྔོ་ཚལ་ཐོན་ལས་ལག་རྩལ་མ་ལག་ལས་གནས་ཀྱི་རིགས་གཅིག་མཁས་ཅན་དང་ཡུག་འབྲེལ་ཁུལ་གཞན་གྱི་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་དང་ཚོགས་པ་སོགས་ཞིང་ཆེན་15ཡི་སྤུན་ཟླའི་ཁང་དང་སུའོ་18ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་68ཚོགས་འདུར་ཞུགས་ཡོད་པ་རེད།
         ལྷོ་ནུབ་ཡུག་འབྲེལ་ཁུལ་གྱི་བོད་ལྗོངས་སྔོ་ཚལ་ལྟ་སྦྱོང་སྤེལ་རེས་ཚོགས་འདུ་ཚོགས་དོན་གཙོ་བོ་ནི་སྤུན་ཟླའི་ཚན་པ་དང་ལས་རིགས་གཅིག་པའི་དབར་སྤེལ་རེས་དང་སློབ་སྦྱོང་བྱེད་པ་དང་འབྲེལ། བོད་ཀྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ཤེས་རྟོགས་བྱས་ཏེ་ལག་རྩལ་ལ་བརྟེན་ནས་བོད་ཀྱི་སྔོ་ཚལ་ཐོན་ལས་ལ་འདེགས་སྐྱོར་བྱ་རྒྱུར་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་རྒྱུ་དང་མ་འོངས་བོད་ཀྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་གྲོས་འགོ་འདོན་ཆེད་ཡིན་པ་རེད། ད་ཕན་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཀྱིས་སྔོ་ཚལ་ཐོན་ལས་ཅན་འཕེལ་རྒྱས་ཤུགས་ཆེན་བཏང་བས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་ས་མཐོའི་ཁྱད་ལྡན་སྔོ་ཚལ་ཐོན་ལས་ཤིག་ཆགས་ནས་སྔོ་ཚལ་གྱི་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
         སྔོ་ཚལ་འདེབས་འཛུགས་བྱས་ཏེ་ཚལ་དཀོན་པ་དང་ཚལ་གོང་མཐོ་བའི་གནད་དོན་ཐག་གཅོད་ཐུབ་པ།
         ཚེས་15ཉིན། ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་དང་ཚོགས་པའི་ཁོངས་མིས་ལྷ་ས་གྲོང་ཁྱེར་དུ་གནས་པའི་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ལྟ་སྐོར་དང་རྟོག་ཞིབ་བྱས་པ་དང་། དེ་རྗེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་དུ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་རེད།
         ལྟ་སྦྱོང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལྷ་སའི་ཚོད་ལྟ་ཁུལ་གྱི་ཀྲན་ཀྲང་ཏའེ་ཨན་གོས་ཚང་མར་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས“བོད་ཀྱི་གནམ་གཤིས་དམིགས་བསལ་ཆེ་བར་བརྟེན་དེ་སྔ་ལྗོངས་ཡོངས་ཀྱི་སྔོ་ཚལ་ཚང་མ་ནང་ས་ནས་རླངས་འཁོར་ནང་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་སྣ་ཁ་ཉུང་ལ་གོང་ཚད་ཀྱང་མཐོ་བས་ལྗོངས་ཡོངས་ཀྱི་མེ་སེར་ཚང་མར་ཚལ་དཀོན་པའི་གནད་དོན་འཕྲད་ཡོད། ལྷ་སར་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་བྱས་ཚུན། སྔོ་ཚལ་གྱི་སྣ་ཁ་གསར་པ་ནང་འདྲེན་བྱས་པ་དང་། ལྷ་སར་འདེབས་འཛུགས་བྱ་རྒྱུར་འཚམ་པའི་སྔོ་ཚལ་གྱི་སྣ་ཁ་བདམས་པ། དེང་རབས་ཀྱི་སྒྲིག་བཀོད་འདེབས་འཛུགས་ལག་རྩལ་སྤྱད་པ་བརྒྱུད། ལྗོངས་ཡོངས་ཀྱི་སྔོ་ཚལ་དཀོན་པ་དང་ཚལ་གོང་མཐོ་བའི་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་སྟེ་དབྱར་དུས་སུ་སྔོ་ཚལ་80%མཁོ་འདོན་བྱེད་ཐུབ་པ་དང་དགུན་དུས་སུ་སྔོ་ཚལ་65%མཁོ་འདོན་བྱེད་ཐུབ་ཀྱི་ཡོད ”ཅེས་བཤད།
         ས་བོན་གྱི་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་བྱས་ཏེ་སྤུས་ཀ་དག་པའི་སྔོ་ཚལ་སྣ་ཚོགས་བཏབ་པ།
         གསར་འགོད་པས། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར། བོད་ཀྱི་སྔོ་ཚལ་ཐོན་ལས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། 2009ལོ་ནས་བཟུང་། རྒྱལ་ཁབ་ཀྱི་སྤོམ་ཆེའི་ཐོན་ལས་ལག་རྩལ་མ་ལག་ཚན་པས་ལྷ་སར་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་བཙུགས་ནས་བོད་ཀྱི་སྔོ་ཚལ་ཚན་ཞིབ་དེ་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་ལས་ལག་རྩལ་མ་ལག་ནང་བཅུག་ཡོད། ལྷ་ས་གྲོང་ཁྱེར་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱིས་བོད་ཀྱི་སྒྲིག་བཀོད་སྔོ་ཚལ་ལ་ནུས་ཆེ་དང་བདེ་འཇགས་ཀྱི་ཐོན་སྐྱེད་ལག་རྩལ་གཅིག་སྡུད་དང་དཔེ་སྟོན་བྱས་པ་དང་། བོད་ཀྱི་ནུས་ཆེའི་ཉི་འོད་དྲོད་ཁང་གི་གྲུབ་ཆ་ལེགས་སུ་བཏང་བ་དང་དཔེ་སྟོན་བྱས་པ། ཐོན་ལས་གྱི་རྨང་གཞིའི་གྲངས་གཞིའི་སྟེགས་བུ་བསྐྲུན་པ་སོགས་དང་སྲིད་གཞུང་སྡེ་ཚན་ལ་ཐབས་ཇུས་དང་དེ་བཞིན་འཕྲལ་སྡོམ་ལག་རྩལ་ཞབས་ཞུ་སོགས་ཐད་ཀྱི་ལས་དོན་བསྒྲུབས་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།