འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་དོ་བདག་ཕྱོགས་ལ་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་
    རྒྱུའི་ཐད་ཤུགས་རྒྱག་དགོས་པའི་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་འབྲེལ་ཡོད་ཕྱོགས་ཁག་གིས་ཁྲའོ་ཧན་གྱི་འབྲེལ་བ་ལེགས་སུ་བཏང་ནས་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུའི་བརྡ་རྟགས་ཡག་པོ་བཏང་བས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཕྱེད་གླིང་གནད་དོན་གྱི་འབྲེལ་ཡོད་དོ་བདག་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ཤུགས་རྒྱག་པ་ལས་གཏོར་བརླག་གཏོང་མི་འོས་ཞེས་བརྗོད།
         གསར་འགོད་པ་ཞིག་གིས། ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་དང་མཉམ་དུ་དམག་དོན་གྲོས་མོལ་སོགས་ཀྱི་གྲོས་གཞི་བཏོན་པར་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་སྐུལ་ལྕག་བཏང་ཡང་། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སི་ཕའེ་སའེ་ཡིས་ཚེས་17ཉིན། མིག་སྔར་ཁྲའོ་ཞན་དང་གླེང་མོལ་བྱེད་པར་མཁོ་བའི་ཆ་རྐྱེན་ཅི་ཡང་འཛོམས་མི་འདུག་ཅེས་བརྗོད་པ་དང་། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གཡོད་ཧན་ཤུན་དང་རི་པིན་ཕྱི་དོན་ཧྲེང་གི་འཕྲིན་སྤེལ་དཔོན་སོགས་ཀྱིས་ཀྱང་མིག་སྔ་ནི་ཁྲའོ་ཞན་དང་གླེང་མོལ་བྱེད་པའི་དུས་སྐབས་མ་ཡིན་པར་ཁྲའོ་ཞན་ལ་གནོན་ཤུགས་སྤྲོད་ཚད་ཆེ་རུ་གཏོང་དགོས་ཞེས་བརྗོད་པར། ཀྲུང་གོ་ཕྱོགས་ལ་གོམ་གང་མདུན་སྤོས་ཀྱི་དཔྱད་གཏམ་སྤེལ་རྒྱུ་ཡོད་དམ་ཅེས་དྲིས་པ་རེད།
         ལུའུ་ཁང་གིས། ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་གླེང་མོལ་བྱས་པ་བརྒྱུད་འབྲེལ་བ་ལེགས་སུ་བཏང་ནས་འདུམ་འགྲིག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ལངས་ཕྱོགས་ངས་ཁ་སང་གསལ་པོར་བཤད་ཚར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་དོ་བདག་ཕྱོགས་ཚང་མས་ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་ཀྱིས་གླེང་མོལ་བྱས་ནས་འབྲེལ་བ་ལེགས་སུ་གཏོང་རྒྱུར་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས། ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་ཡག་པོ་ཐུབ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
         ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་དང་ཨེ་ཤེ་ཡ་ཤར་མ་དང་བྱང་མའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་གཉིས་ཀར་འཚམ་པ་ཞིག་རེད། དམིགས་ཚད་འདི་མངོན་འགྱུར་བྱེད་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་བའི་ཁྲའོ་ཞན་གྱི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་རྣམ་འགྱུར་སྟོན་པ་དང་ཆབས་ཅིག་མཐུན་སྦྱོར་བྱེད་ཤུགས་དང་གླེང་མོལ་བྱ་རྒྱུར་སྐུལ་མ་གཏོང་ཤུགས་ཀྱང་ཆེ་རུ་གཏོང་དགོས། བྱེད་ཐབས་འདི་གཉིས་ཀ་གཅིག་ཀྱང་མེད་ཐབས་མེད། དེ་སྔའི་གྲུབ་འབྲས་ཡག་པོ་དག་ཀྱང་གླེང་མོལ་ལ་བརྟེན་ནས་ཐོབ་པ་ཡིན། མཐའ་གཅིག་ཏུ་ངོ་རྒོལ་དང་གནོན་ཤུགས་སྤྲད་ན་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བ་ལག་ལེན་ནས་ར་སྤྲོད་བྱུང་ཡོད་ཅེས་བརྗོད།
         ལུའུ་ཁང་གིས། ཉེ་ཆར་འབྲེལ་ཡོད་ཕྱོགས་ཀྱིས་ཁྲའོ་ཧན་གྱི་འབྲེལ་བ་ལེགས་སུ་བཏང་ནས་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུའི་བརྡ་རྟགས་ཡག་པོ་བཏང་བས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཕྱེད་གླིང་གནད་དོན་གྱི་འབྲེལ་ཡོད་དོ་བདག་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཐོག་བསམ་ཤེས་དང་རྒྱབ་སྐྱོར་མང་ཙམ་བྱས་ནས་ཤུགས་རྒྱག་པ་ལས་གཏོར་བརླག་གཏོང་མི་འོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།