འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏའི་དྲ་གྲོགས་ཚོས་ཀྲུང་གོའི་བྲོས་བྱོལ་བ་ཡིབ་ས་ཐེར་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཉེ་དུས་ཀྲུང་གོའི་རུལ་རྒོལ་སྡེ་ཚན་གྱིས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་རུལ་སུངས་བ་22ཀྱི་ཡིབ་ས་དམར་རྗེན་དུ་བཏོན་པ་དེའི་ཁྲོད་ཀྱི་མི་ལྔ་ང་ཚོ་པུའུ་ལེ་ཏན་ཀུ་ལུན་པི་ཡ་ཞིང་ཆེན་དུ་ཡིབ་ནས་བསྡད་ཡོད་པ་རེད། གྲོང་ཁྱེར་དང་ཁྲོམ་གཞུང་གང་དུ་བསྡད་ཡོད་མེད་དང་ཁོ་པ་ཚོ་ཁྱེད་ཀྱི་ཁྱིམ་མཚེས་ཡིན་མིན་གང་མགྱོགས་ལྟ་རོགས”ཞེས་པ་དེ་ནི་ཁ་ན་ཏའི་དབུན་ཀོ་ཧྭ་ཡི་སྨྱན་སྦྱོར་ཞིག་གི་ཐོག་ཉིན་ཤས་གོང་བཀོད་པའི་རྩོམ་ཡིག་ཅིག་གི་འགོ་བརྗོད་དུ་དེ་ལྟར་འཁོད་ཡོད། ཡུལ་དེ་གའི་སྨྱན་སྦྱོར་གྱི་གྲོགས་པོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དམངས་ཚོགས་ཀྱིས་རང་མོས་ངང་རུལ་སུངས་བའི་ཁུངས་སྣེ་མཁོ་འདོན་བྱས་བྱུང་ཞེས་བཤད།
         ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོཌ་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་གིས་རིང་མིན་དུ་ཁྱབ་བསྒྲགས་བྱས་པའི་《ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བ་ཁག་གཅིག་གི་ཁུངས་སྣེའི་སྐོར་གྱི་སྤྱི་བསྒྲགས་》ནང་། ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་མི་22ཀྱི་མིག་སྔ་ཕྱི་རྒྱལ་དུ་ཡིབ་ཁུལ་ས་ཆ་དམར་རྗེན་དུ་བཏོན་པ་རེད།
         སྤྱི་བསྒྲགས་ནང་ཉེས་གསོག་དོགས་ཅན་ཡིབ་སྲིད་པའི་གྲོང་ཁྱེར་དང་ཁྲོམ་གཞུང་གི་མིང་མ་གཏོགས་ཁྱབ་བསྒྲགས་བྱས་མེད་རུང་། དབུན་ཀོ་ཧྭ་སྨྱན་སྦྱོར་གྱིས་གོང་གསལ་གྱི་དོགས་ཡོད་ཉེན་ཅན་ལྔ་ཡི་སྡོད་གནས་གསལ་པོ་ཤེས་པ་རེད། ཡུལ་དེ་གའི་སྨྱན་སྦྱོར་གྱི་འབྲེལ་ཡོད་མི་སྣས་དྲ་གྲོགས་ཀྱིས་རང་འགུལ་ངང་ཐེར་འདོན་བྱས་ནས་མི་ལྔ་པོའི་ཡིག་ཆ་ང་ཚོར་བསྐུར་བྱུང་ཞེས་གསར་འགོད་པར་བཤད་བྱུང་།
         གསར་འགོད་པས་ཁུངས་སྣེ་ལྟར། ཉེས་གསོག་དོགས་ཅན་ལྔ་ཡིས་ས་གནས་དེ་ག་ནས་ཉོས་པའི་ཁང་པར་རྩད་གཅོད་བྱས་པ་ཡིན། ཁྲེང་མུའུ་ཡང་དང་། ཧོ་ཅན། ཤའོ་པིན་བཅས་གསུམ་པོར་དབང་བའི་ཁང་པ་ས་ཆ་གཅིག་ཁོ་ནར་ཡོད་པ་ཙམ་མ་ཡིན་པར་འདུ་འཛི་ཆེ་བའི་ཁྲོམ་ཁུལ་དུ་སྤྲོ་ཁང་དང་སྤྱི་ཤག་ཡོད་ལ། ད་དུང་གཞིས་ཀ་དང་། ཞིང་ར། སློབ་ཁུལ་ཁང་པ་བཅས་ཀྱང་ཡོད། དེ་དག་ཚང་མ་ཡུལ་ལྗོངས་མཛེས་ལ་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། གང་དགོས་ཚང་མ་འཛོམས་པའི་མཐོ་རིམ་སྡེ་ཁུལ་ཡིན་པ་རེད།
         འབྲེལ་ཡོད་གནས་ཚུལ་གཏོང་སྤེལ་བྱེད་མང་དུ་འགྲོ་བ་དང་བསྟུན་ནས་ཁ་ན་ཏ་དེ་བས་མང་བས་བྲོས་བྱོལ་དུ་ཡོང་བའི་རུལ་སུངས་བར་ཞེ་ལོག་ནས་འཕྲལ་མར་ཁོང་ཚོ་ཕྱིར་སྐྱེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁ་ན་ཏའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་ཀྱང་བྲོས་བྱོལ་དུ་ཡོང་མཁན་དེ་དག་ལ་ཞེ་འཁོན་ཚད་མེད་བྱེད་པ་དང་ཁོང་ཚོས་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་དཀའ་སྤྱད་ལས་བརྩོན་དང་། གཞུང་བཟང་། ཁྲིམས་སྲུང་བཅས་ཀྱི་གཟུགས་བརྙན་བཟང་པོར་གཏོར་སྐྱོན་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། དོགས་ཡོད་ཉེས་ཅན་ལྔ་པོ་མིག་སྔར་ཁ་ན་ཏའི་ཉེན་རྟོག་ཕྱོགས་ཀྱིས་ཚོད་འཛིན་བྱས་པ་དང་ཁོང་ཚོར་ཁྲིམས་བཅད་དམ་ཡང་ན་ཕྱིར་སྐྱེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་བརྒྱུད་བསྒྲགས་བྱེད་བཞིན་ཡོད།
         ཁ་ན་ཏའི་སྲིད་གཞུང་གིས་ཁ་ན་ཏ་ནི་ཉེས་པ་གསོག་ཡུལ་གྱི་ཞིང་ཁམས་ཤིག་གཏན་ནས་མིན། ཀྲུང་ཁ་རྒྱལ་ཁབ་གཉིས་དབར་ཁྲིད་སྐྱེལ་ཆིངས་ཡིག་བཞག་མེད་རུང་ཕྱོགས་གཉིས་དབར་ཁྲིམས་འཛིན་དང་ཁྲིམས་ལག་བསྟར་གྱི་མཉམ་ལས་ལམ་སྲོལ་བཙུགས་ཡོད། ད་ཕན་ལོ་ཤས་ནང་། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་འཛིན་བརྒྱུད་རིམ་ལ་ངོས་འཛིན་ཅུང་ཟབ་མོ་བྱུང་ནས་ཕྱོགས་གཉིས་པོའི་དབར་མཉམ་ལས་དམ་ཟབ་བྱུང་ཡོད་པ་རེད།
         ཕྱི་རྒྱལ་ནི་ཁྲིམས་མེད་ལུགས་མེད་བྱེད་ས་ཞིག་མིན། ཀྲུང་གོར་བཅའ་སྡོད་ཁ་ན་ཏའི་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཕུའུ་ཡིས་འབྱུང་འགྱུར་ཁ་ན་ཏས་ཁ་ན་ཏར་ལུས་པའི་ཀྲུང་གོའི་ཕྱིར་བྲོས་དོགས་ཡོད་ཉེས་ཅན་དེ་བས་མང་བ་ཕྱིར་སྐྱེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།