འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་གཞི་བདག་མིའི་རིགས་ཀྱི་གྲོགས་པོ།

    ——མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཚན་རིག་རྟོག་ཞིབ་བྱས་པའི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ས་མཐོའི་གཞི་བདག་མིའི་རིགས་ཀྱི་གྲོགས་པོ།
         སྔར་ནས་བཟུང་སྐྱེ་དངོས་རིག་པ་མཁས་ཅན་གྱིས་མཚོ་བོད་ས་མཐོར“བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་བརྗོད་ཀྱི་ཡོད། གནས་འདིར་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཀྱི་རིགས་125འཚོ་སྡོད་བྱེད་ཀྱི་ཡོད། ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་རྟོག་ཞིབ་རུ་ཁག་དང་མཉམ་དུ་བྱང་རྩྭ་ཐང་དུ་བསྐྱོད་པ་དང་སྦྲགས་ས་མཐོའི་གཞི་བདག་འཚོལ་ཞིབ་བྱེད་འགོ་ཚུགས་པ་ཡིན།
         “མཐོ་གྲང”གི་ལམ་བུར་རྡོག་ཐོན་པ།
         བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་གྲོང་གི་རྒྱལ་ལམ་109བརྒྱུད་དེ་བྱང་ཕྱོགས་སུ་སྤྱི་ལེ་70ཙམ་བསྐྱོད་རྗེས་ནུབ་བྱང་ཕྱོགས་སུ་འཐེན་པའི་ལམ་མདོ་ཞིག་ཏུ་འབྱོར། དེ་ནི་སྐུ་ལྷ་དར་མདུང་འཁྱགས་རོམ་དུ་སྐྱོད་སའི་ནུབ་རྒྱུད་གཞུང་ལམ་ཡིན་པ་དང་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པ་མ་ཟད། དབྱར་དུས་སུ་སླེབས་ནའང་ཁ་བ་བུ་ཡུག་འཚུབ་བཞིན་འདུག
         ཞོགས་པ་སྔ་པོ་ནས་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལི་ཤིན་ཧའེ་དང་བཅས་པ་ལམ་དེ་བརྒྱུད་ནས་སྐུ་ལྷ་དར་མདུང་འཁྱགས་རོམ་ཕྱོགས་སུ་སྐྱོད། ཁོང་ཚོས་སེར་གླིང་མཚོ་དང་སྐུ་ལྷ་དར་མདུང་ས་ཁོངས་སུ་རྨིག་ལྡན་སྲོག་ཆགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ་བརྟག་དཔྱད་བྱ་རྒྱུའི་འགན་ཁུར་བ་དང“མཐོ་གྲང”གི་ལམ་དེ་ཁོང་ཚོའི་རྟོག་ཞིབ་བྱེད་ཐེངས་མཐའ་མའི་ལམ་ཞིག་རེད།
        རྡོག་ཐོན་ས་ནས་འཁྱགས་རོམ་བར་གྱི་ལམ་བར་དུ་མཐོ་གྲང་གི་རྩྭ་ཐང་དང་། མཐོ་གྲང་གི་སྤང་གཤོངས། ས་བབ་མཐོ་བའི་རི་ཁུལ་སོགས་ས་དབྱིབས་སྣ་ཚོགས་མཐོང་རྒྱུ་ཡོད།
         “མཐོ་གྲང་གི་རྩྭ་ཐང་དང་སྤང་གཤོངས་ནི་གཙོད་དང་། རྒོ་བ། རྐྱང་སོགས་ཀྱི་འཚོ་སྡོད་ཁུལ་གཙོ་བོ་ཡིན་པ་དང་རི་དྭགས་དེ་དག་མང་ཆེ་བ་ས་བབ་མཐོ་ཚད་སྨི་3500ནས་སྨི་5000བར་གྱི་ཁྱབ་ཁོངས་ནང་འཚོ་སྡོད་བྱེད་ཀྱི་ཡོད་པས་ད་རེས་ཀྱི་བརྟག་དཔྱད་བྱ་ཡུལ་གཙོ་བོ་དེ་ཡིན”ཞེས་ལི་ཤིན་ཧའེ་ཡིས་བཤད།
         ཚན་རིག་ཞིབ་འཇུག་པས་ལམ་བར་དུ་རླངས་འཁོར་གཏོང་མཚམས་ཡང་ཡང་བཞག་ནས་རྒྱང་རིང་གི་མཛེས་ལྗོངས་ལ་པར་རྒྱག་པ་དང་ལྟ་ཞིབ་བྱེད་ཀྱི་ཡོད། སྐབས་འགར་མི་མེད་གནམ་གྲུ་བཏང་ནས་ལམ་གཡས་གཡོན་གྱི་སྲོག་ཆགས་མཐའ་དག་པར་དུ་ལེན་གྱི་ཡོད།
         “ང་ཚོས་སྲོག་ཆགས་རྙེད་ས་དང་གྲངས་འབོར་ཐོ་བཀོད་པ་དེ་དག་རྨང་གཞིའི་གྲངས་གཞིར་བརྩིས་ཏེ་སྲོག་ཆགས་ཁྱབ་ཚུལ་ཐོག་ནས་ས་ཁོངས་མི་འདྲ་བའི་སྲོག་ཆགས་ཀྱི་གཞི་ཁྱོན་ལ་རྩིས་རགས་ཙམ་རྒྱག་རྒྱུ་ཡིན”ཞེས་ལི་ཤིན་ཧའེ་ཡིས་འགྲེལ་བཤད་རྒྱག་བཞིན་དུ་བཤད།
         ཚན་རིག་རྟོག་ཞིབ་ཚོགས་པས་ཕྱུགས་ཟོག་གི་གྲངས་འབོར་ལ་བསྡོམས་རྩིས་རྒྱག་གི་ཡོད་ལ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ཐོ་རུ་འགོད་ཀྱི་ཡོད། ལི་ཤིན་ཧའེ་ཚོགས་པས་རྟོག་ཞིབ་བྱེད་མཇུག་འགྲིལ་རྗེས་ཁྱོན་ཡོངས་ཀྱི་ཁྱབ་ཚུལ་ས་བཀྲ་ཞིག་བཀོད་ནས་སྲོག་ཆགས་སྲུང་སྐྱོང་དང་ལུགས་མཐུན་ངང་ཕྱུགས་འཚོ་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
         རི་དྭགས་ཤེས་རྟོགས་བྱུང་བ།
         ལི་ཤིན་ཧའེ་ཡིས་ལྟ་ཞིབ་རགས་ཙམ་བྱས་པ་གཞིར་བཟུང་། སེར་གླིང་མཚོ་ནས་སྐུ་ལྷ་དར་མདུང་བར་གྱི་ས་ཁུལ་དུ་སྲོག་ཆགས་ཁྱབ་ཚད་དང་མང་ཉུང་འབྲིང་སྟོད་ལ་སླེབས་ཡོད། སེར་གླིང་མཚོའི་ནུབ་ངོགས་སུ་ཁོང་ཚོས་མི་མེད་གནམ་གྲུ་བཏང་སྟེ་གཙོད་མགོ་གྲངས་500ལྷག་ཙམ་གྱི་ཁྱུ་ཚོགས་ཞིག་པར་བླངས་ཡོད།
         ཀྲུང་གོ་ཚན་རིག་ཁང་བློ་འདྲི་སྙན་ཞུ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཚོད་སྐོར་གྲུབ་འབྲས་ལས་མངོན་དོན། ཉེ་བའི་ལོ་20ཡི་རིང་མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་མང་དུ་ཕྱིན་པ་དང་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོ་འཕར་ནས་ད་ལྟ་གཙོད་ཀྱི་མགོ་གྲངས་ཁྲི་15ཡས་མས་ཟིན་གྱི་ཡོད།
         རི་འདབས་སུ་གཙོད་བག་ཕེབས་ངང་རྩྭ་ཟ་བཞིན་པ་རྟག་ཏུ་མཐོང་རྒྱུ་ཡོད། སྐྱེ་འཕེལ་དུས་སུ་སླེབས་ཡོད་སྟབས། གཙོད་མོ་མང་ཆེ་བ་ས་བབ་དམའ་བའི་ཁུ་ཁུ་ཤི་རིར་གཙོད་ཕྲུག་བཙའ་བར་འགྲོ་གི་ཡོད། དེས་ན་ད་རེས་མཐོང་བའི་གཙོད་དག་གཙོད་ཕོ་ཤ་སྟག་རེད།
         གཙོད་དང་། རྒོ་བ། རྐྱང་བཅས་དབར་ཕན་ཚུན་འཚོ་སྡོད་ཀྱི་འགྲན་རྩོད་མེད་པས། ཁོང་ཚོ་འཕེལ་འགྱུར་བྱེད་རིང་རང་སོ་སོའི་འཚོ་སྡོད་ཀྱི་ས་ཆ་ཆུང་ངུ་རེ་བཟུང་ནས་སྡོད་ཀྱི་ཡོད།
         “རྐྱང་ནི་གཤོངས་ས་དང་། རྒོ་བ་མང་ཆེ་བ་རི་ལྡེབས་སུ་འཚོ་སྡོད་བྱེད་པ། གཙོད་རྣམས་དེ་གཉིས་པོར་བར་མཚམས་ཀྱི་ས་ཆར་སྡོད་ཀྱི་ཡོད”ཅེས་ལི་ཤིན་ཧའེ་ཡིས་བཤད།
         རི་རྩེ་ནི་འབྲོག་ཁུལ་གྱི་སྲོག་ཆགས་གཞན་ཞིག་སྟེ་འབྲོང་གི་འཚོ་སྡོད་བྱེད་ས་རེད།
         འབྲོང་གི་གཟུགས་སྟོབས་ནོར་ལས་ལྡབ་བཞི་དང་ལྔ་ཡིས་ཆེ་བ་ཡོད། རྒྱུན་དུ་འབྲོང་འབྲོག་པའི་ལྷས་རར་ཡོང་ནས་མཛོ་མོར་འཁྱུད་པའི་གནས་ཚུལ་ཐོན་སྐབས་འབྲོག་པ་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་ཡི་ཡོད། གང་ལགས་ཤེ་ན་རྒྱུད་འདྲེས་ནོར་གྱི་གཟུགས་སྟོབས་ཆེ་བ་དང་ཤ་སྤུས་དག་ནའང་ཁོང་ཚོ་གཡུང་ལ་ཕབ་དཀའ་བས་རེད།
         མིའི་རིགས་ཀྱི་གྲོགས་པོར་སྲུང་སྐྱོང་བྱས་པ།
         ད་རེས་རྟོག་ཞིབ་བྱེད་རིང་ཨ་མདོ་རྫོང་རྐང་གཉིས་ཤང་དུ་འབྱོར་ཞིང་། ན་ནིང་ཟླ་དྲུག་པར་རྒྱལ་ལམ་109རྒྱུད་ཀྱི་ཤང་སྲིད་གཞུང་གནས་ཡུལ་གྱི་འགྲོ་ལམ་སྒྱུར་བཀོད་བྱེད་འགོ་ཚུགས་ཡོད།
          ཨར་ལས་བྱ་ཡུལ་ཞིག་གི་འགན་འཁུར་བ་ཨ་ཀྲེ་ཀྲེང་ཆེན་གྱིས་གསར་འགོད་པར“ལས་ཡུལ་ནས་ང་ཚོས་རྟག་ཏུ་སྲོག་ཆགས་མང་པོ་མཐོང་གི་འདུག སྐབས་འགར་ཁོང་ཚོ་ཨར་སྐྲུན་རླངས་འཁོར་གྱི་ཉེ་འགྲམ་ནས་འགྲོ་གི་འདུག ང་ཚོས་ཁོང་ཚོར་གནོད་སྐྱེལ་གྱི་མེད་ལ་ལས་ཀར་ཡོང་མ་ཐག་ཡིན་པའི་ལས་མི་ཚོར་ཡང་སྲོག་ཆགས་དེ་དག་ལ་གནོད་སྐྱེལ་མི་རུང་ཞེས་སློབ་གསོ་རྒྱག་གི་ཡོད”ཅེས་བཤད།
         མུ་མཐུད་སྤྱི་ལེ་བཅུ་ལྷག་ཙམ་འགྲུལ་བཞུད་བྱས་རྗེས་ལི་ཤིན་ཧའེ་དང་བཅས་པར་རྐང་གཉིས་ཤང་གྲོང་ཚོ་གཉིས་པའི་གྲོང་མི་མཐུ་ཆུང་དང་འཕྲད། མཐུ་ཆུང་གིས“ལོ་དེ་དག་ནང་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་དུ་ཕྱིན་པའི་སྣང་བ་འདུག་ལ་ཁོང་ཚོས་ཀྱང་ང་ཚོར་སྐྲག་སྣང་བྱེད་ཀྱི་མི་འདུག”ཅེས་བཤད།
         རྐང་གཉིས་ཤང་གི་ཤང་ཀྲང་གཞོན་པ་བསོད་ནམས་བཀྲ་ཤིས་ཀྱིས་ཤང་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྲུང་སྐྱོང་ས་ཚིགས་མེད་ལ་ལས་དོན་པ་ཚང་མ་འབྲོག་པ་ཡིན། ཁོང་ཚོས་གཟའ་འཁོར་རེར་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་ཐེངས་གཉིས་རེ་བྱེད་ཀྱི་ཡོད། གལ་ཏེ་རྨས་སྐྱོན་ཕོག་པའི་སྲོག་ཆགས་དང་ལྐོག་རྔོན་རྒྱག་མཁན་དང་འཕྲད་ཚེ། ཤང་སྲིད་གཞུང་དང་རྫོང་ནགས་ལས་སྡེ་ཚན་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         “འོན་ཀྱང་ང་ཚོར་ལྐོག་རྔོན་བརྒྱབ་པའི་སྙན་སེང་འབྱོར་མྱོང་མེད”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་བཤད།
          ལི་ཤིན་ཧའེ་ཡིས་སེམས་ཁྲལ་བྱེད་བཞིན“རྩྭ་ར་དང་སེར་གླིང་མཚོ་སྲུང་སྐྱོང་བྱ་ཆེད་བཙུགས་པའི་ལྕགས་དྲས་གཙོད་དང་། རྒོ་བ། རྐྱང་སོགས་ཀྱི་རྒྱུག་ལམ་བཀག་སྲིད། གང་ཡིན་ཟེར་ན་རྩྭ་ཆུ་བཟང་སར་འགྲོ་བ་དང་གནས་སྤོ་ནི་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་ཤིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།