འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་སྲིད་འཛིན་ཚད་བཀག་གཏོར་ནས་ནགས་ཚལ་གྲོང་ཁྱེར་ཚོམ་བུ་དང་ནགས་ཚལ་
    གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་19ཉིན། སི་ཁྲོན་ཞིང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་དང་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་གསལ་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པའི་ཐོག་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ཡའོ་སི་ཏན་གྱིས་སི་ཁྲོན་གྱིས་སྲིད་འཛིན་དང་ས་ཁོངས་ཀྱི་ཚད་བཀག་གཏོར་ནས་ནགས་ཚལ་གྲོང་ཁྱེར་ཚོམ་བུ་ཆེན་པོ་བཞི་དང་ནགས་ཚལ་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
          ཡའོ་སི་ཏན་གྱིས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་མ་ཐག་པའི་《ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ནང་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཐད་2020ལོར་སླེབས་སྐབས་སི་ཁྲོན་གྱིས་ཁྲེང་ཏུའི་ཐང་གཤོངས་དང་། སི་ཁྲོན་ལྷོ་རྒྱུད། སི་ཁྲོན་བྱང་ཤར། ཧྥན་ཀྲེ་ཧྭ་དང་ཤིས་ཁྲང་བཅས་ནགས་ཚལ་གྲོང་ཁྱེར་ཚོམ་བུ་ཆེན་པོ་བཞི་སྤྱིར་ན་བསྐྲུན་ཟིན་རྒྱུ་དང་ནགས་ཚལ་གྲོང་ཁྱེར་30(དེའི་ནང་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་12)དང་། ནགས་ཚལ་གྲོང་རྡལ་ཆུང་ངུ་100 ནགས་ཚལ་དཔེ་སྟོན་གྲོང་ཚོ་300བཅས་བསྐྲུན་ཟིན་པ་བྱ་རྒྱུ་རེད་ཅེས་བཤད། ཡའོ་སི་ཏན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ནགས་ཚལ་གྲོང་ཁྱེར་ཚོམ་བུ་འཛུགས་སྐྲུན་ཐད་སི་ཁྲོན་གྱིས་གྲོང་ཁྱེར་ནང་ཁུལ་ས་ཁོངས་དང་གྲོང་ཁྱེར་དབར་གྱི“སྣོད་བཅུད་འབྲེལ་བར”ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དབར་གྱི་རི་བོ་དང་། ཆུ་བོ། ལམ་བུ་གཙོ་བོ་བཅས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་ཁྱེར་དབར་དང་གྲོང་ཁྱེར་ནང་ཁུལ་གྱི་ཐར་ཐོར་དུ་གནས་པའི་སྔོ་ལྗང་ཁུལ་ཡུག་གཅིག་ཏུ་འབྲེལ་རྒྱུ་དང་ཕན་ཚུན་མཉམ་འབྲེལ་གྱི་ནགས་ཚལ་སྣོད་བཅུད་དྲ་བའི་མ་ལག་བསྐྲུན་རྒྱུ་ཡིན་པ་དང་། གྲོང་ཁྱེར་དབར་གྱི་ཆུ་རྩ་གསོ་འཁྱོངས་ཁུལ་དང་། བར་ཆོད་ལོགས་དབྱེ་ཁུལ། སྦགས་བཙོག་ཚོད་འཛིན་ཁུལ་བཅས་སུ་ཡུག་འབྲེལ་ནགས་ཚལ་དང་འདམ་ར་བསྐྲུན་ནས་གྲོང་ཁྱེར་དབར་གྱི་སྣོད་བཅུད་གསོ་འཁྱོངས་བར་སྟོང་ཆགས་པ་བྱ་རྒྱུ་ཡིན་པ། མྱུར་བགྲོད་གཞུང་ལམ་དང་། ལྕགས་ལམ། རྒྱལ་ལམ་དང་ཞིང་ཆེན་ལམ་སོགས་སྔོ་ལྗང་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོ་ལྗང་གཙོ་བོར་བྱེད་པའི་གཞུང་ལམ་གྱི་སྣོད་བཅུད་བར་ཁྱམས་བསྐྲུན་རྒྱུ་ཡིན་པ། ཆུ་རྒྱུད་ནགས་ཚལ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་འབྲི་ཆུའི་ཆུ་གཞུང་ཨ་མ་དང་དེ་བཞིན་དེའི་ཡན་ལག་ཆུ་བོ་དང་ཆུ་ལམ་གྱི་ལམ་རྒྱུད་དུ་ནགས་བཟོ་སྔོ་འགྱུར་བྱ་རྒྱུ་དང་ལྗང་མདོག་ཆུ་རྒྱུད་མཉམ་བསྡུས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད། “རྒྱལ་ཁབ་རིམ་པའི་ནགས་ཚལ་གྲོང་ཁྱེར་སྲིད་འཛིན་ཁུལ་ནང་གི་རྫོང་(གྲོང་ཁྱེར་དང་ཆུས)ཚང་མ་རྩ་དོན་ཐོག་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་ལ་འཛུགས་སྐྲུན་བྱེད་དགོས”ཞེས་ཡའོ་སི་ཏན་གྱིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།