༄༅།།སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་ལག་
ལེན་མཐར་ཕྱིན་བསྟར་ནས་དཀར་མཛེས་ཁུལ་གྱིས"འཆམ་མཐུན་གྲོང་གསེབ་ཏུ་
སྐྱོད"ཅེས་པའི་བྱེད་སྒོ་གཅིག་བསྡུས་སུ་སྤེལ་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 06ཚེས་22ཉིན། 13:41】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལེགས་པོ་བྱས་ཏེ་ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་དངོས་སུ་འཁྱོལ་བར་བྱ་ཆེད། དཀར་མཛེས་ཁུལ་གྱིས་ཟླ་6ཚེས་14ཉིན་ནས"འཆམ་མཐུན་གྲོང་གསེབ་ཏུ་སྐྱོད"ཅེས་པའི་གཞི་རིམ་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། དུས་ཚོད་གཅིག་བསྡུས་ཟླ་བ་གཅིག་ཙམ་བྱས་ཏེ་གྲོང་ཚོ་དང་དགོན་སྡེ་ཁག་ཏུ་ཟབ་འཇུག་གིས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་གྲོས་ཚོགས་འདིའི་དགོངས་དོན་ཁྱིམ་ཚང་མི་རེ་ངོ་རེ་ཚང་མས་ཤེས་པ་དང་མི་རྣམས་ཀྱི་སེམས་ལ་འཇགས་པར་བྱ་རྒྱུ་རེད།
ཐེངས་འདིའི་བྱེད་སྒོ་ནི"ས་ཁོངས་གཅིག་བསྡུས་དང་། གནས་མང་མཉམ་སྤེལ། ཁུལ་བགོས་ཁྱབ་པ"བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཁུལ་རིམ་པའི་འགོ་ཁྲིད་35ཡིས་རུ་ཁག་སྣེ་ཁྲིད་དེ་རྫོང་(གྲོང་ཁྱེར་)དང་། གྲོང་ཚོ། དགོན་སྡེ་བཅས་དང་འབྲེལ་གཏུག་གཏིང་ཟབ་བྱས་ཏེ་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དར་མདོ་དང་། ལྕགས་ཟམ་ཁ། སྡེ་རོང་། ཕྱག་ཕྲེང་། འདབ་པ། རྟེའུ། བྲག་འགོ སེར་ཤུལ། བརྒྱད་ཟིལ་བཅས་རྫོང་(གྲོང་ཁྱེར་)9དང་། ཤང་དང་གྲོང་རྡལ་63 དགོན་སྡེ་18བཅས་སུ་གཞི་རིམ་གྱི་སྒྲོག་འགྲེལ་ཐེངས་81སྤེལ་འགོ་ཚུགས་པ་རེད།