འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་གྲོང་གསེབ་དང་འབྲོག་ཁུལ་གྱི་སྐྱེད་ལྕིའི་བུ་ལོན་གྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དང་འབྲོག་ཁུལ་དུ་སྐྱེད་ལྕིའི་བུ་ལོན་གཏོང་བའི་གནད་དོན་ཕྱོགས་བསྡུས་ངང་བཅོས་སྒྲིག་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་སྐྱོན་བྲལ་དང་སྒྲིག་ལམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་དང་དངུལ་རྩའི་མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་དངུལ་རྩའི་སྒྲིག་ལམ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་ཕྱིར། ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《གྲོང་གསེབ་དང་འབྲོག་ཁུལ་དུ་སྐྱེད་ལྕིའི་བུ་ལོན་གཏོང་བར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་པར་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
           ཤེས་རྟོགས་བྱུང་བ་ལྟར་ན། ནང་སོག་རང་སྐྱོང་ལྗོངས་ཀྱི་དམངས་ཁྲོད་དུ་མ་རྩ་གཏོང་བ་དང་། མ་དངུལ་ཆད་ལྷག་དོ་མཉམ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་བའི་ཐད་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱིས་ནུས་པ་ཆེན་པོ་ཐོན་ནས་བུན་གཏོང་ཁྲོམ་རའི་གྲུབ་ཆ་གལ་ཆེན་དང་ཚད་ལྡན་དངུལ་རྩའི་ཕན་ཡོད་ཀྱི་ཁ་གསབ་ཅིག་ཏུ་གྱུར་མོད། ཡིན་ནའང་སྐྱེད་ལྕིའི་བུ་ལོན་གནད་དོན་དེ་ནང་སོག་ཐག་རིང་གྲོང་གསེབ་དང་འབྲོག་ཁུལ་ལ་ཚབས་ཆེ་ཙམ་ཡོད་པར་བརྟེན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་དང་དངུལ་རྩའི་སྒྲིག་ལམ་ཟང་ཟིང་བཟོ་བ་མ་ཟད། སྤྱི་ཚོགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མང་དུ་འགྲོ་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཡོངས་འཕེལ་རིམ་ལ་འགོག་རྐྱེན་ཡང་བཟོ་ཡི་ཡོད།
         དེས་ན། 《བརྡ་ཐོའི་》ནང་། གྲོང་གསེབ་དང་འབྲོག་ཁུལ་གྱི་དངུལ་རྩའི་མཁོ་སྤྲོད་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་པོ་དང་གྲོང་གསེབ་དང་འབྲོག་ཁུལ་དུ་གྲངས་ཉུང་དངུལ་བུན་ཀུང་སིའི་ལས་གཉེར་པུའུ་བཙུགས་ནས་འཕེལ་རྒྱས་གཏོང་རྒྱུ་ཚད་ལྡན་ཡོང་བར་སྣེ་ཁྲིད་བྱས་ཏེ་ལྗོངས་ཕྱི་ནང་གི་ཁེ་ལས་ཀྱིས་གྲོང་གསེབ་དང་འབྲོག་ཁུལ་དུ་གྲངས་ཉུང་དངུལ་བུན་ཀུང་སི་འཛུགས་པའི་གྲོས་འགོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། ཡིད་རྟོན་དངུལ་བུན་གཏོང་རྒྱུར་ལྕག་སྐུལ་བཏང་ནས་ཧུའུ་ལུན་པེའར་གྲོང་ཁྱེར་ཁྲེང་པའར་ཧུའུ་ཆི་དང་། ཤིན་པའར་ཧུའུ་ཙོའུ་ཆི། ཤིན་པའར་ཧུའུ་ཡིའུ་ཆི། ཨོ་ཝུན་ཁེ་རིགས་རང་སྐྱོང་ཆི་དང་ཤིས་ལིན་ཀོ་ལེ་མོང་ཨ་པ་ཀ་ཆི། ཏུང་ཨུ་ཀྲུའུ་མུའུ་ཆིན་ཆི། སུའུ་ཉི་ཐེ་ཙོ་ཆི་བཅས་ས་ཁུལ་བདུན་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་ཞིང་འབྲོག་པའི་མོས་མཐུན་ཐོབ་པའི་སྔོན་འགྲོའི་འོག་ཞིང་འབྲོག་པའི་ནོར་སྲིད་ཁ་གསབ་རོགས་དངུལ་ཡིད་རྟོན་ཆེར་གཏོང་གི་ཐབས་ལམ་ལ་བརྟེན་ནས་དངུལ་བུན་གཏོང་བའི་ཚོད་ལྟ་བྱས་ཏེ། དངུལ་རྩའི་སྒྲིག་གཞིས་བསྡུར་ཚད་1བསྡུར་5ལྟར་སྤྲད་དེ་ཞིང་འབྲོག་པས་དངུལ་བུན་གཡར་ན་འགྲིག་ལ་གཡར་ཐུབ་པའང་ཡོང་བར་བྱེད་པ་མ་ཟད། ཚོད་ལྟའི་གནས་ཚུལ་ལ་གཞིགས་ནས་ཚོད་ལྟ་བྱེད་ཁྱོན་རིམ་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
          ད་དུང་། 《བརྡ་ཐོའི་》ནང་དམངས་ཁྲོད་ཀྱི་བུན་གཏོང་ཐོ་འགོད་ལྟེ་གནས་ཚད་ལྡན་ངང་འཕེལ་རྒྱས་བཏང་ནས་ཧུའུ་ལུན་པེའར་གྲོང་ཁྱེར་དང་ཤིས་ལིན་ཀོ་ལེ་མོང་ཚོད་ལྟ་བྱ་ཡུལ་དུ་དམངས་ཁྲོད་བུ་ལོན་གཏོང་ལེན་ཐོ་འགོད་ལྟེ་གནས་བཙུགས་ཏེ་དམངས་ཁྲོད་ཀྱི་མ་རྩ་གཏོང་བ་དང་མཉམ་འདྲེས་ཡོང་བར་བུ་ལོན་གཏོང་ལེན་ཐོ་འགོད་དང་། གན་འཇོག་པ། ཉེན་ཁའི་བློ་འདྲི་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ་ཁེ་སྤོགས་སྟོན་གྲངས་ཐོག་ནས་དམངས་ཁྲོད་བུ་ལོན་གཏོང་ལེན་གྱི་སྐྱེད་ཀའི་ཚད་བཀག་ལ་ཁྲིད་སྟོན་བྱས་ནས་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་ཕྱི་གསལ་ནང་གསལ་དང་ཚད་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།