འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ཀྱིས་སྒོར་དུང་ཕྱུར་1000ལྷག་གི་རྣམ་གྲངས་རོགས་སྐྱོར་འཛུགས་
    སྐྲུན་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱས་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་བདེ་བླག་ངང་སྐུལ་སྤེལ་བཏང་བ་དང་ཆབས་ཅིག་གངས་ལྗོངས་མཐོ་སྒང་དུ་འཕེལ་རྒྱས་དུས་རིམ་གསར་པ་ཞིག་བསུས་པ་རེད། མིག་སྔའི་བར་དུ། ཀྲུང་དབྱང་ཁེ་ལས་16གིས་བསྡོམས་པས་བོད་ལྗོངས་ལ་རྣམ་གྲངས་1500ལྷག་རོགས་སྐྱོར་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1000ལྷག་དོན་འཁྱོལ་བྱས་ཤིང་། ཀྲུང་དབྱང་ཁེ་ལས་མང་པོ་སྔ་གཞུག་ཏུ་བོད་ལྗོངས་སུ་གཞིས་ཆགས་ཏེ་དམངས་ཕྱུག་བོད་དར་བྱེད་པའི་སྒུལ་ཤུགས་གསར་པར་གྱུར་པ་རེད།
         འདི་ནི་ཟླ་6ཚེས་13ཉིན་གསར་འགོད་པས་ལྷ་སར་སྐོང་འཚོག་བྱས་པའི་ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་སྐྱོར་བྱེད་པའི་ཚོགས་འདུ་དང་འཐབ་ཇུས་ཀྱི་མཉམ་ལས་ཆིངས་ཡིག་ཐོག་མིང་རྟགས་འགོད་པའི་མཛད་སྒོ་ཐོག་ནས་ཤེས་རྟོགས་བྱུང་བ་རེད།
         ཚོགས་འདུ་ཐོག་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཞའོ་ཡ་ཆིང་གིས་ཀྲུང་དབྱང་ཁེ་ལས་ནི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མེད་དུ་མི་རུང་བའི་ནུས་ཤུགས་གལ་ཆེན་ཞིག་གྱུར་ཡོད་པ་དང་། བོད་ལྗོངས་ཀྱི་སྤྱི་པའི་ཞབས་ཞུ་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་སྤེལ་ནུས་ལྡན་བཏང་ཡོད། མིག་སྔར། བོད་ལྗོངས་ཀྱི་གློག་ཤུགས་དང་། སྣུམ་རླངས། འཕྲིན་གཏོང་བཅས་གཞི་རྩའི་ཆ་ནས་ཀྲུང་དབྱང་ཁེ་ལས་ཀྱིས་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་དང་ལག་རྩལ་རྒྱབ་སྐྱོར་བྱེད་ཤུགས་འཕར་སྣོན་རྒྱུན་ཆད་མེད་པར་བཏང་སྟེ་ཁྲོན་བོད་དང་མཚོ་བོད་ཀྱི་གློག་ཤུགས་དྲ་སྦྲེལ་དང་། ལྷ་གཞིས་ལྕགས་ལམ། རྫམ་ཆུ་གློག་ཚིགས་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བཟོ་སྐྲུན་འབོར་ཆེན་ལེགས་འགྲུབ་བྱས་ཤིང་། ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས་པ་རེད། གཞན་ཡང་། མིག་སྔར་ཀྲུང་དབྱང་ཁེ་ལས་15ཡིས་བོད་ལྗོངས་ཀྱི་རྫོང་21ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་བསྡོམས་པས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་26བཏང་ནས་མཐའ་འཁོབ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་ལེགས་བཅོས་བྱེད་པར་རོགས་འདེད་ནུས་ལྡན་བྱས་ཡོད་ཅེས་བསྟན་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཕྱིན་ཆད་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ལ་མ་དངུལ་འཇོག་ཤུགས་ཇེ་ཆེར་བཏང་སྟེ་བོད་ལྗོངས་ཀྱི་་ཁེ་ལས་རིགས་ཁག་གི་མ་དངུལ་མཉམ་འཇོག་དང་མཉམ་ལས་བཅས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་བོད་ལྗོངས་ཀྱི་ཁེ་ལས་དང་། ཐོན་རྫས། ཐོན་རྫས་གྲགས་ཅན་སོགས་ཕྱི་ཕྱོགས་སུ་སྐྱོད་པར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་དང་། དེ་དང་དུས་མཚུངས་སུ་དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་རང་བརྟེན་རང་ནུས་ཇེ་ཆེར་གཏོང་བ་མ་ཟད། བཏུང་ཆུ་དང་། སྡོད་ཁང་། ནད་བརྟག་སོགས་ཀྱི་གནད་དོན་ཡང་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།