འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཐོག་གི་མི་རབས་གཉིས་
    ཀྱིས་བཟོ་བོའི་ཕུགས་བསམ་བསྒྲུབ་རྒྱུ་རྒྱུན་འཛིན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་བའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲེམས་སྟོན་ཐོག་བཟོ་རྩལ་ཞིབ་ཚགས་པའི་བོད་བཟོའི་འབག་ལ་ལྟ་སྐོར་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་རེད།
         རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་པོར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར་བསོད་ནམས་དབང་ཕྱུག་གིས་དགེ་རྒན་ཤི་ལོག་དང་མཉམ་དུ་འདི་གར་དྲིལ་བསྒྲགས་བྱེད་སྒོར་ཞུགས་པར་ཡོང་བ་དང་། དེའི་རིང་མི་མང་པོ་ཞིག་གིས་བསོད་ནམས་དབང་ཕྱུག་ལ་བོད་བཟོའི་འབག་བཟོ་སྟངས་སྐོར་སྐད་ཆ་འདྲི་ཡི་ཡོད་པ་རེད།
         “དེ་རིང་མི་མང་པོས་ང་ཚོའི་འབག་གི་སྤུས་ཀ་དག་ལ་ལྟ་སྣང་དོད་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག རང་ཉིད་ཀྱིས་དཀའ་བ་སྤྱད་ནས་སྦྱངས་པའི་ལག་རྩལ་མི་གཞན་ལ་ངོ་སྤྲོད་བྱེད་རྒྱུ་བྱུང་བས་སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་ཁོང་གིས་བཤད།
         བསོད་ནམས་དབང་ཕྱུག་འདི་ལོ་ལོ་28ལ་སླེབས་ཤིང་། བོད་བཟོའི་འབག་བཟོ་རྩལ་སྦྱོང་བའི་ལམ་བུའི་ཐོག་དཀའ་ངལ་མང་པོ་འཕྲད་མྱོང་ཡོད། ཁོང་གིས“ཆུང་དུས་བསམ་ཤེས་མ་ཐུབ་པས་ལག་རྩལ་སྦྱོང་རྒྱུ་དེ་བློས་གཏོང་བྱ་དགོས་བསམས་མྱོང་། ཡིན་ནའང་རྗེས་སུ་འབག་བཟོ་རྩལ་ལ་དགའ་ཞེན་ཆེ་རུ་ཕྱིན་ནས་སྲོལ་རྒྱུན་ལག་རྩལ་ཞིག་ཁོང་དུ་ཆུད་པ་ནི་སྤོབས་པ་བྱེད་འོས་པ་ཞིག་རེད་སྙམ་པ་དང་རང་ཉིད་ཀྱི་འགན་འཁྲིའང་དེ་བས་གསལ་པོ་རྟོགས་བྱུང”ཞེས་བཤད།
         མིག་སྔར། ཁོང་སྔར་རྒྱུན་བཞིན་དགེ་རྒན་དང་འགྲོགས་ནས་ལག་རྩལ་སྦྱོང་བཞིན་ཡོད་པ་དང་། ལག་རྩལ་སྦྱོང་འགོ་ཚུགས་པ་ནས་ད་བར་བགྲང་བྱ་15ཙམ་སོང་ཡོད།
         བསོད་ནམས་དབང་ཕྱུག་གི་དགེ་རྒན་སྟག་རྩེ་རྫོང་ཞོག་ཤང་བཀྲ་ཤིས་སྒང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་མཉམ་ལས་ཁང་གི་འགན་འཁུར་བ་ཤི་ལོག་གིས“ང་ཚོའི་མཉམ་ལས་ཁང་ལ་ད་ཆ་ལས་མི་20ལྷག་ཙམ་ཡོད་པའི་ཁྲོད་ལས་མི་11ངའི་དགེ་ཕྲུག་ཡིན། ཁོང་ཚོའི་རང་གཤིས་མི་འདྲ་བས་ངས་ནང་དོན་མི་འདྲ་བ་སློབ་ཀྱི་ཡོད། འབག་བཟོ་བའི་བརྒྱུད་རིམ་ཉོབ་མདངས་ལྡན་པ་དང་ཡང་སྐོར་བསྐྱར་སྐོར་གྱིས་སྦྱོང་དགོས་ཀྱི་ཡོད། ཡིན་ནའང་བྱང་ཆུབ་པའི་ལག་རྩལ་ནི་འདི་ལྟར་སྦྱངས་ནས་བྱུང་བ་ཞིག་རེད”ཅེས་བཤད།
         “བསོད་ནམས་དབང་ཕྱུག་ནི་ངས་ལག་རྩལ་ཡུན་རིང་ཤོས་བསླབས་པའི་དགེ་ཕྲུག་གི་གྲས་ཤིག་རེད། ངེད་གཉིས་བར་བརྩེ་བ་ཟབ་མོ་ཡོད་པས་ངའི་ཕྲུ་གུ་དང་ཁྱད་མེད། དེར་བརྟེན་བསོད་ནམས་དབང་ཕྱུག་གིས་ངའི་འབག་བཟོ་རྩལ་རྒྱུན་འཛིན་བྱེད་སེམས་དེ་བས་ཤེས”ཞེས་ཤི་ལོག་གིས་བཤད།
         2013ལོར། བོད་བཟོའི་འབག་འདི་ཉིད་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གྲས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་བོད་བཟོའི་འབག་བྲིན་ཁ་རྒྱུག་ཚད་རིམ་བཞིན་མཐོ་རུ་སོང་བ་དང་སྦྲགས་བོད་ཁོ་ན་མིན་པར་ས་ཕྱོགས་གཞན་དུའང་འཚོང་གི་ཡོད།
         བོད་དུ་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་ཚུད་པའི་རྣམ་གྲངས་2དང་། རྒྱལ་ཁབ་རིམ་པའི་མིང་གཞུང་ནང་ཚུད་པའི་རྣམ་གྲངས་89དང་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་68 རང་སྐྱོང་ལྗོངས་རིམ་པའི་མིང་གཞུང་ནང་ཚུད་པའི་རྣམ་གྲངས་323དང་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་350བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།