འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི"བྱེད་སྒོ་ལྷ་
    སར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བའི“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི”བྱེད་སྒོ་ལྷ་སར་སྤེལ་བ་རེད།
         “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི”བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་ཀྲུང་དབྱང་ཁེ་ལས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་ཀའི་ཕན་འབྲས་རང་བཞིན་སྔར་བས་གཏིང་ཟབ་ཏུ་གཏོང་བ། བོད་ལྗོངས་དང་ཀྲུང་དབྱང་ཁེ་ལས་དབར་གྱི་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་བཅས་རེད།
         ད་རེས་ཀྱི་བྱེད་སྒོའི་ནང“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི”ཚོགས་འདུ་དང་འཐབ་ཇུས་མཉམ་ལས་ལ་མིང་རྟགས་འགོད་པའི་མཛད་སྒོ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་བཏོད་པའི་གྲུབ་འབྲས་འགྲེམས་སྟོན་དང་བོད་ལྗོངས་ཆུ་བཟང་འགྲེམས་སྟོན། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པ་དང་བོད་ཀྱི་ཁོངས་གཏོགས་ཁེ་ལས་ཀྲུང་དབྱང་ཁེ་ལས་སུ་གནས་སྦྱར་བྱེད་པར་བཏང་བའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་ཁེ་ལས་བོད་ཀྱི་ས་ཁུལ་(གྲོང་ཁྱེར་)ཁག་ཏུ་བརྟག་ཞིབ་བྱེད་པར་སྐྱོད་པ་སོགས་ཚུད་ཡོད།
         ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་དངུལ་རྩའི་ཁེ་ལས་སོགས་ཁྱོན་ཁེ་ལས་105དང་དེ་བཞིན་ཀྲུང་དབྱང་ཁེ་ལས་ཆེ་གྲས་ཁག་གི་བོད་སྡོད་སྒྲིག་གཞི་དང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་མི་780ད་རེས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད། མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཀྲུང་དབྱང་ཁེ་ལས་36གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་དང་མིང་རྟགས་འགོད་པའི་ནང་གན་རྒྱའི་རིགས་ཀྱི་རྣམ་གྲངས་135དང་འདོད་མཐུན་རིགས་ཀྱི་རྣམ་གྲངས་211ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་འཐབ་ཇུས་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་རབ་དང་རིམ་པར་མིང་རྟགས་བཀོད་དེ་ཐོན་ལས་རྣམ་གྲངས་འབོར་ཆེན་ཞིག་ལག་ལེན་བསྟར་བ་དང་རིམ་རྩིས་བྱས་ན་བོད་དུ་མ་འཇོག་སྣ་ཚོགས་སྒོར་དུང་ཕྱུར་821བཏང་བས། ཀྲུང་དབྱང་ཁེ་ལས་འདི་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་དང་ལག་རྩལ་ཐད་ཀྱི་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཁྲོན་བོད་མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་། ལྷ་གཞིས་ལྕགས་ལམ། རྫམ་ཆུ་ཤུགས་གློག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་འབོར་ཆེན་ཞིག་བསྐྲུན་ནས་ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ཡོད།
         མིག་སྔར་ཀྲུང་དབྱང་ཁེ་ལས་15ཡིས་བོད་ཀྱི་རྫོང་21ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་26.33བཏང་ཡོད། 2016ལོའི་ལོ་མཇུག་བར་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ལ་ལས་བཟོ་མི་གྲངས་ཁྲི་2.66ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་6686ཡོད། ཉེ་བའི་ལོའི་ནང་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པ་300ལྷག་ཙམ་ཁག་5ལ་བགོས་ནས་འདེམས་གཏོང་ལས་དོན་སྤེལ་བ་དང་། ལོ་ལྟར་རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་དང་ལྗོངས་ཐད་གཏོགས་ཁེ་ལས་ཀྱི་ལས་བྱེད་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱས་ཡོད། རིམ་རྩིས་བྱས་ན་ཅུས་དང་ཁྲུའུ་རིམ་པའི་ལས་བྱེད་པ་60ལྷག་ཙམ་ལས་སྒོའི་གསོ་སྦྱོང་བྱེད་པར་མངགས་ནས་ཏ་ལེན་དཔལ་འབྱོར་རང་བྱུང་རིག་པའི་སློབ་གླིང་དུ་བོད་ལྗོངས་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་བགྲོ་གླེང་འཛིན་གྲྭ་རྒྱུན་མཐུད་ངང་གཉེར་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་ད་དུང་འཆར་གཞིའི་ནང་ཚུད་མེད་པའི་ལག་རྩལ་ཐད་ཀྱི་བོད་སྐྱོར་ཤེས་ལྡན་མི་སྣ་འབོར་ཆེན་མངགས་གཏོང་བྱས་ཏེ་གྲོང་སྡོད་རོགས་སྐྱོར་སོགས་ལས་དོན་ཧུར་ཐག་སྤེལ་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།