འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་སུ་ཡོད་པའི་ཐའེ་དབན་གྱི་སྦང་ཇ། ཡུས་ཧྲན་ཇ་ཁང་འཛམ་གླིང་ཡང་རྩེར་
    རྩ་བ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། “ཇ་ཁང་གཉེར་ནས་ལོ་10འགྲོ་གྲབས་ཡོད་པ་དང་། བོད་རིགས་གྲོགས་པོ་མང་པོས་ཐའེ་དབན་གྱི་ཇ་ཝུའུ་ལུང་དང་ཟས་རིགས་ལ་དགའ་པོ་བྱེད་ཀྱི་འདུག”ཡུས་ཧྲན་ཇ་ཁང་གི་སྦྱིན་བདག་ཡུས་ཡ་ཆིའི་ངོས་ནས་བརྗོད་ན། ཐའེ་དབན་གྱི་ཇ་གངས་ལྗོངས་ས་མཐོའི་ལྷ་སར“ནང་འདྲེན་བྱེད་པ་ནི་ཚོང་རྒྱག་པ་ཙམ་མ་ཡིན་པར་ལས་དབང་ཞིག་དེ་བས་རེད”
         དབྱར་དུས་སུ་ལྷ་སར་ཡུལ་སྐོར་བ་མང་ལ་བརྗིད་ཆགས་ཡིད་འོང་གི་ཕོ་བྲང་པོ་ཏ་ལའི་ཉེ་འགྲམ་དུ་གནས་པའི་བདེ་སྐྱིད་བྱང་ལམ་གྱི་ཡུས་ཧྲན་ཇ་ཁང་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
         ཡུས་ཡ་ཆི་བོད་དུ་འཚོ་བ་བསྐྱལ་ནས་ལོ་14ཙམ་ཕྱིན་པ་དང་བོད་བརྒྱུད་ནང་བསྟན་ལ་དད་པ་ཆེ་བའི་ཁོང་ཕ་ཡུལ་ཐའེ་དབན་དབུས་རྒྱུད་ནས་ལྷ་སར་འོང་སྟེ་བོད་སྐད་དང་དཔེ་ཆར་ཞིབ་འཇུག་དང་སློབ་སྦྱོང་བྱེད་ཀྱི་ཡོད། 2008ལོར་ཁོང་གིས་ལྷ་སར་ཡུས་ཧྲན་ཇ་ཁང་བཙུགས་ནས་ཐའེ་དབན་གྱི་ཇ་གངས་ལྗོངས་ས་མཐོའི་སྟེང་དར་བ་བྱས་ཡོད།
         ཐོག་མར་ཚོང་གཉེར་བྱེད་སྐབས་གཙོ་བོ་ཇ་ཝུའུ་ལུང་ཚོང་གཉེར་བྱེད་ཀྱི་ཡོད་པས་ཚོང་དེ་ཙམ་ཡག་པོ་མེད། ས་གནས་དེ་གའི་མི་རྣམས་ཇ་བསྲུབས་མ་དང་མངར་མོར་དགའ་པོ་ཡོད་པས་བྲོ་བ་སླ་པོ་ཡིན་པའི་ཇ་ཝུའུ་ལུང་དེ་ཙམ་བྲིན་ཁ་རྒྱུག་པོ་མེད། “སྐབས་དེ་དུས་ལྷ་སར་ཐའེ་དབན་གྱི་ཇ་ལོ་དང་ཇ་འཐུང་ཆས་མེད་པས་ངས་ཐའེ་དབན་གྱི་ཇ་ཡག་ཤོས་དང་ཇའི་རིག་གནས་ཡག་ཤོས་བརྒྱུད་སྤེལ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཁོང་གིས་བརྗོད།
         ལོ་10ཙམ་འདས་རུང་ཡུས་ཧྲན་ཇ་ཁང་གི་སྐྱིད་སྣང་དོད་པའི་ཁོར་ཡུག་དང་སྤུས་ལེགས་ཀྱི་ཇ་ལོར་མགྲོན་པོ་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད། “ཐོག་མར་དེ་གར་ཇ་འཐུང་བར་ཡོང་མཁན་ཚང་མ་རྒྱ་རིགས་མགྲོན་པོ་ཡིན་མོད། ད་ཆ་བོད་རིགས་མགྲོན་པོའང་ཇེ་མང་དུ་འགྲོ་གི་ཡོད”ད་ཆ་ཡུས་ཧྲན་ཇ་ཁང་ནང་ཐའེ་དབན་གྱི་ཇར་དགའ་པོ་བྱེད་མཁན་བོད་རིགས་མང་པོ་ཡོང་གི་ཡོད་པ་མ་ཟད། ད་དུང་ཐའེ་དབན་གྱི་ཇར་རྒྱུས་མངའ་ཡོད་པ་དང་དགའ་པོ་བྱེད་མཁན་བོད་རིགས་ཀྱི་ཇ་ལོའི་སྒྱུ་རྩལ་མཁས་ཅན་ཁག་གཅིག་ཀྱང་ཡོད་པ་རེད།
         2013ལོར། ཡུས་ཡ་ཆི་དང་བཟའ་ཟླ་ཚའེ་ཧྲི་ཤང་གཉིས་བོད་དུ་ངོ་ཤེས་བྱུང་བ་དང་འབྲེལ་ལས་དབང་བཟང་པོས་བཟའ་ཚང་དུ་འགྱུར། ཁྱོ་ཤུག་གཉིས་པོས་ལྷ་ས་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་བ་དང་ཇ་ཁང་བཙུགས་ནས་འཚོ་བ་སྐྱེལ་གྱི་ཡོད་ཅིང་། ཡུས་ཧྲན་ཇ་ཁང་དེ་ཁོང་ཚོ་དང་བོད་དབར་གྱི་འབྲལ་ཐབས་མེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད།
         ཐའེ་དབན་གྱི་རིག་གནས་དེ་བས་ལེགས་ལ་ཕུན་སུམ་ཚོགས་པའི་སྒོ་ནས་བརྒྱུད་སྤྲོད་དང་སྤེལ་རེས་བྱ་ཆེད། ཡུས་ཧྲན་ཇ་ཁང་གིས་ད་དུང་ལྷ་སར་ཐའེ་དབན་གྱི་བྱུ་རུ་དམར་པོ་དང་སྤོས་ཤེལ་སོགས་རྒྱན་ཆ་སྤུས་ལེགས་དང་། དེ་བཞིན་ཐའེ་དབན་གྱི་ཁྱད་ལྡན་ཞིམ་ཟས་འཚོང་གི་ཡོད། ཡུས་ཡ་ཆིས་ད་དུང་ཐའེ་དབན་གྱི་ལྟོ་ཆས་ཙག་ཙིག་བཟོ་མཁན་མ་བྱན་གདན་དྲངས་ནས་ས་ཆ་དེ་གའི་མགྲོན་པོར་ཚྭ་སྦྱངས་ཤ་བཙོས་མ་སོགས་ཐའེ་དབན་གྱི་ཁྱད་ཆོས་ལྡན་པའི་ལྟོ་ཆས་མཁོ་འདོན་བྱེད་ཀྱི་ཡོད།
         2016ལོའི་ཟླ་7པར། ཡུས་ཧྲན་ཇ་ཁང་གི་ཡན་ལག་ཇ་ཁང“ཐའེ་དབན་ཇའི་སྤུས་ལེགས་ཚོང་ཁང”བཙུགས་ཡོད། ཡུས་ཡ་ཆིས“ཇ་དང་ལྟོ་ཆས་ཙག་ཙིག་ཕུད་ང་ཚོས་ད་དུང་ཐའེ་དབན་གྱི་ཐོན་རྫས་གཞན་དག་སྔར་བས་ནང་འདྲེན་བྱེད་རྩིས་ཡོད”ཅེས་བཤད།
         ཡུས་ཡ་ཆིས“ཡུས་ཧྲན་ནི་ཐའེ་དབན་གྱི་ཡང་རྩེ་ཡིན་པ་དང་བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་ཡིན། ཡུས་ཧྲན་ཇ་ཁང་འདི་ཉིད་ལྷ་ས་དང་ཐའེ་དབན་དབར་གྱི་ཁྱད་ཆོས་མཉམ་འདྲེས་བྱ་ཡུལ་ཞིག་ཏུ་གྱུར་ནས་ས་ཆ་གཉིས་པོའི་ཇ་འཐུང་རྒྱུར་དགའ་མཁན་གྱི་འབྲེལ་བ་ཟབ་ཏུ་གཏོང་ཐུབ་རེ་ཡོད”ཅེས་བཤད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།