འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅༎ཉི་ཧོང་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་ནང་མཉམ་ལས་
    བྱ་རྒྱུའི་སྐོར་གྲོས་བསྡུར་བྱ་བར་དགའ་བསུ་ཞུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཉི་ཧོང་གི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས"རྒྱུད་གཅིག་ལམ་གཅིག"ལ་བཟུང་བའི་རྣམ་འགྱུར་ལ་ཀྲུང་གོའི་ཕྱོགས་ཀྱིས་དོ་སྣང་བྱུང་ཡོད་ལ། "རྒྱུད་གཅིག་ལམ་གཅིག"ནི་ཉི་ཧོང་ཚུད་པའི་འཛམ་གླིང་གྱི་རྒྱལ་ཁབ་ཚང་མར་ཕན་པ་ཞིག་ཡིན་པ་དང་། ཉི་ཧོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུའི་སྐོར་གྲོས་བསྡུར་བྱ་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་5ཉིན་ཨན་པེ་ཅིན་སན་གྱིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཅིག་མཐུན་ངོས་འཛིན་ནང་བཅུག་པའི་རྨང་གཞིའི་ཐོག་ཞི་བདེ་རྒྱ་མཚོའི་མཐའ་འཁོར་ས་ཁུལ་གྱི་རང་དབང་དང་དྲང་གཞག་གི་དཔལ་འབྱོར་འཁོར་རྒྱ་དང་། མཉམ་འདྲེས་ཐུབ་པ་བྱས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཀྱི་ཕྱིར་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། འབྲེལ་ཡོད་རྒྱལ་སྤྱིའི་གཅིག་མཐུན་ངོས་འཛིན་གྱི་གྲས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། ཁ་གསལ་དྲང་གཞག་གི་སྒོ་ནས་ཉོ་སྒྲུབ་བྱ་རྒྱུ་དང་འཛུགས་སྐྲུན་ཟིན་རྗེས་ཕྱོགས་ཁག་ལ་སྒོ་མོ་འབྱེད་རྒྱུ་སོགས་ཚུད་ཡོད། ཉི་ཧོང་ཕྱོགས་ཀྱིས་གོང་གསལ་ཕྱོགས་འགའ་ཞིག་ནས་འགོ་བཙུགས་ཏེ་ཀྲུང་གོ་དང་མཉམ་དུ"རྒྱུད་གཅིག་ལམ་གཅིག"ལ་དམིགས་པའི་མཉམ་ལས་བྱེད་འདོད་ཡོད་ཅེས་བཤད་ཡོད། གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཨན་པེས་རྣམ་འགྱུར་འདི་འདྲ་ཞིག་བསྟན་པ་ནི་ཕལ་ཆེར་ཀྲུང་གོ་དང་འབྲེལ་བ་ལེགས་སུ་གཏོར་ཕྱིར་འབད་བརྩོན་བྱས་པ་ཞིག་ཡིན་ཤས་ཆེ་ཞེས་བཀོད་ཡོད་པ་རེད།
         ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གནས་ཚུལ་དེའི་ཐད"རྒྱུད་གཅིག་ལམ་གཅིག"འཛུགས་པའི་བརྒྱུད་རིམ་ནང་ཀྲུང་གོ་ཕྱོགས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཁག་དང་མཉམ་དུ་འབད་བརྩོན་གྱིས་དྲང་གཞག་དང་། ལུགས་མཐུན། ཁ་གསལ་བཅས་ཀྱི་རྒྱལ་སྤྱིའི་ཚོང་དོན་མ་འཇོག་སྒྲིག་སྲོལ་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། སྙིང་སྟོབས་དེ་འདྲ་ཞིག་ལ་བརྟེན་པས་ཀྲུང་གོ་དང་རྒྱལ་ཁབ་མང་པོ་ཞིག་དབར་ལ"རྒྱུད་གཅིག་ལམ་གཅིག"འཛུགས་རིང་དངོས་སྒྲུབ་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བྱུང་ནས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བའི་མཉམ་ལས་འཆར་འགོད་དང་ཞིབ་ཕྲའི་རྣམ་གྲངས་ལག་ལེན་བསྟར་ཡོད་ཅེས་བཤད་པ་རེད།
         ཧྭ་ཁྲུན་ཡིང་གིས"རྒྱུད་གཅིག་ལམ་གཅིག"ནི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་དང་སྒོ་དབྱེ་བསྟུན་མཁས་ཀྱི་འཕེལ་རྒྱས་ལས་སྟེགས་ཤིག་ཡིན་ལ་ཉི་ཧོང་ཚུད་པའི་འཛམ་གླིང་གྱི་རྒྱལ་ཁབ་ཚང་མར་ཕན་པ་ཡོད་པ་ཞིག་ཀྱང་ཡིན། རྒྱལ་ཁབ་ཚང་མ་ནི་འདྲ་མཉམ་ངང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། ཕན་པ་ཐོབ་མཁན་བཅས་ཡིན། ཀྲུང་གོའི་ཕྱོགས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་ཀྲུང་ཉི་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་པའི་ལས་སྟེགས་གསར་པ་དང"ཚོད་ལྟའི་ཞིང་ཁ"ཞིག་ཏུ་གཏོད་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད། ཉི་ཧོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུའི་སྐོར་གྲོས་བསྡུར་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         "ང་ཚོས་ཉི་ཧོང་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་ལེགས་སུ་གཏོང་རྒྱུའི་བསམ་འདུན་དེ་བྱ་སྤྱོད་ངོ་མའི་ཐོག་འཁྱོལ་ཐུབ་པའི་རེ་བའང་འཆང་བཞིན་ཡོད"ཅེས་ཧྭ་ཁྲུན་ཡིང་གིས་བཤད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།