འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་སྐུ་ཚབ་ཚོགས་པས་ཐེ་ལན་དུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་ནས་ཚེས་6ཉིན་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས་ཚོགས་གཙོ་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་སྐུ་ཚབ་ཚོགས་པས་ཐེ་ལན་ལ་མཛའ་གྲོགས་འཚམས་འདྲི་གནང་བ་རེད། དེའི་རིང་ཐེ་ལན་གྱི་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཕུང་པའེ་དང་ཐེ་ཀྲུང་རིག་གནས་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་པོ་ཆིན་དང་མཇལ་འཛོམས་གནང་བ་དང་ཐེ་ལན་གྱི་ས་གནས་སྲིད་གཞུང་དང་རིག་གཞུང་ལས་རིགས་ཀྱི་མི་སྣ་དང་འབྲེལ་གཏུག་རྒྱ་ཁྱབ་གནང་བ་རེད།
         རྡོ་རྗེ་ཚེ་རིང་གིས་ཐེ་ལན་ཕྱོགས་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་གཙོ་བོ་ངོ་སྤྲོད་གནང་བ་དང་ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཙམ་ནང་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་འབྱོར་ཕྱུག སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཡོངས་ཁྱབ་ཐུབ་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ནུས་ལྡན་ཐུབ་པ། བོད་མི་དམངས་ཀྱི་ཆོས་དད་རང་མོས་ལ་སྲུང་སྐྱོབ་གང་ལེགས་བྱུང་བ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད། ཀྲུང་གོ་སྲིད་གཞུང་གིས་བོད་ལ་བཏོན་པའི་སྲིད་ཇུས་ནི་གྲུབ་འབྲས་ཐོན་པ་ཞིག་དང་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་མཐུན་པ་ཞིག་ཡིན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་བཅས་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཡོད་ཅེས་གསུངས། རྡོ་རྗེ་ཚེ་རིང་གིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཐེ་ལན་ཕྱོགས་ཀྱི་ལངས་ཕྱོགས་ལ་བསྔགས་བརྗོད་གནང་བ་དང་འབྲེལ་ཐེ་ལན་ཕྱོགས་ཀྱིས་མུ་མཐུད་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་པའི་ཁ་ཕྲལ་བྱེད་སྤྱོད་ལ་རྣམ་པ་གང་རུང་གི་རྒྱབ་སྐྱོར་དང་སྟབས་བདེ་མི་སྐྲུན་རྒྱུའི་ཐུགས་རེ་གནང་བ་རེད།
         ཕུང་པའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་སྐུ་ཚབ་ཚོགས་པས་ཐེ་ལན་ལ་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་དང་ཁོང་གིས་སྐུ་ཚབ་ཚོགས་པས་ངོ་སྤྲོད་བྱས་པ་བརྒྱུད་ཀྲུང་གོ་སྲིད་གཞུང་གི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོན་པའི་ངང་ལག་ལེན་བསྟར་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་ཕྱིན་པའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་བྱུང་། ཐེ་ལན་ཕྱོགས་ཀྱིས་ཐེ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཐེ་ལན་དུ་བཞུགས་རིང་སྐུ་ཚབ་ཚོགས་པས་ད་དུང་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཆིང་མའེ་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་དོན་མི་སྣ་དང་བཞུགས་མོལ་གནང་བ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།