འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཆེད་
    ལས་ལག་རྩལ་མི་སྣའི་དམིགས་བསལ་ལས་གནས་ཀྱི་བྱ་དགའ་ཁ་གསབ་བྱ་ཐབས་
    དངོས་སུ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཐད་ཀྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཆེད་དུ་ཉེ་ཆར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག་《ས་བབ་མཐོ་བའི་ས་ཁུལ་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་དམིགས་བསལ་ལས་གནས་ཀྱི་བྱ་དགའ་ཁ་གསབ་བྱ་ཐབས་》(ཚོད་ལྟའི་ལག་བསྟར་)དངོས་སུ་བཏོན་པ་རེད།
         《བྱ་ཐབས་》ནང་བྱ་དགའ་ཁ་གསབ་སྤྲོད་ཁོངས་ནི་བོད་ཀྱི་ས་བབ་སྨི་4500ཡན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྒྲིག་ཁོངས་དང་ལས་གནས་སུ་ཡོད་པའི་ཆེད་ལས་ལག་རྩལ་པ་ཡིན་པ་དང་། ལག་བསྟར་བྱེད་པའི་དུས་ཚོད་ནི་2017ལོའི་ཟླ་7ཚེས་1ཉིན་ནས་ཡིན་པ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་སུའོ་ཡི་ས་བབ་མཐོ་ཚད་དང་ལས་ཀའི་གོ་མིང་རིམ་པ་གཞིར་བཟུང་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད། བྱ་དགའ་ཁ་གསབ་ཀྱི་ཚད་གཞི་ནི། ས་བབ་སྨི་4500ནས་4799བར་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མཐོ་རིམ་ལས་ཀའི་གོ་མིང་དང་། འབྲིང་རིམ་ལས་ཀའི་གོ་མིང་། དམའ་རིམ་ལས་ཀའི་གོ་མིང་(ད་ལྟ་དམའ་རིམ་ལས་ཀའི་གོ་མིང་ཐོབ་མེད་པ་ཚུད་པ་)བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་དཔྱད་ཞིབ་ཚང་མ་ལོན་པར་མི་རེར་ལོ་རེར་བྱ་དགའ་ཁ་གསབ་སྒོར་40000དང་། སྒོར་30000 སྒོར་20000བཅས་སོ་སོར་སྤྲོད་རྒྱུ་དང་། ས་བབ་སྨི་4800ནས་4999བར་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མཐོ་རིམ་ལས་ཀའི་གོ་མིང་དང་། འབྲིང་རིམ་ལས་ཀའི་གོ་མིང་། དམའ་རིམ་ལས་ཀའི་གོ་མིང་(ད་ལྟ་དམའ་རིམ་ལས་ཀའི་གོ་མིང་ཐོབ་མེད་པ་ཚུད་པ་)བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་དཔྱད་ཞིབ་ཚང་མ་ལོན་པར་མི་རེར་ལོ་རེར་བྱ་དགའ་ཁ་གསབ་སྒོར་50000དང་། སྒོར་40000 སྒོར་30000བཅས་སོ་སོར་སྤྲོད་རྒྱུ། ས་བབ་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མཐོ་རིམ་ལས་ཀའི་གོ་མིང་དང་། འབྲིང་རིམ་ལས་ཀའི་གོ་མིང་། དམའ་རིམ་ལས་ཀའི་གོ་མིང་(ད་ལྟ་དམའ་རིམ་ལས་ཀའི་གོ་མིང་ཐོབ་མེད་པ་ཚུད་པ་)བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་དཔྱད་ཞིབ་ཚང་མ་ལོན་པར་མི་རེར་ལོ་རེར་བྱ་དགའ་ཁ་གསབ་སྒོར་60000དང་། སྒོར་50000 སྒོར་40000བཅས་སོ་སོར་སྤྲོད་རྒྱུ་རེད། 《བྱ་ཐབས་》ནང་ད་དུང་རིམ་ཁག་སྲིད་གཞུང་དང་། འཕྲོད་བསྟེན་དང་འཆར་བཙའ། མི་སྤྱི། ནོར་སྲིད་སོགས་སྡེ་ཚན་ལ་དཔྱད་ཞིབ་ལག་བསྟར་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། མཉམ་ལས་དམ་ཟབ་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བྱ་དགའ་ཁ་གསབ་དངུལ་དུས་ཐོག་དང་ཆད་ལུས་མེད་པར་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།